༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༤ ཉིན་ཆུ་ཚོད་ ༡༢ ཐོག་བོད་གཞུང་བདེ་ལེགས་སྨན་ཁང་ནས་དེ་སྔའི་ཀྲི་སྦི་ནད་གསོ་ཁང་དེ་བསྐྱར་བཟོ་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། ཀྲི་སྦི་ (TB) ནད་ཀྱི་ཆེད་ལས་དང་ཕྱི་ལུགས་ཀྱི་སྐུའི་བླ་སྨན་པ་ཚེ་བརྟན་ལགས། བདེ་ལེགས་སྨན་ཁང་གི་ལས་བྱེད། དེ་བཞིན་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམས་ཀྱི་བྲང་ཁོག་ཏུ་ཀྲི་སྦི་སྔོན་འགོག་མཚོན་པའི་རྟགས་མ་ཆུང་ངུ་རེ་རེ་བཏགས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དར་སྣེ་གཅོད་འབྲེག་གིས་ནད་གསོ་ཁང་དེ་དབུ་འབྱེད་གནང་ཡོད། དེ་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་མགྲོན་གཙོ་བོ་དབུས་སྤྱི་འཐུས་ཚོགས་གཞོན་སོགས་ནས་མཇལ་དར་བསྒྲོན་འབུལ་ཞུས་ཏེ་དེ་སྔའི་ནད་ཁང་ཁག་ལ་དེང་དུས་ཅན་གྱི་བཟོ་བཀོད་དང་། ནད་པར་དགོས་ངེས་ཀྱི་གསང་སྤྱོད་དང་། ཆུ་ཚ་གྲང་སོགས་གོ་སྒྲིག་འཐུས་ཚང་ཞུས་ཡོད་པར་གཟིགས་སྐོར་གནང་། དེ་རྗེས་སྐུ་མགྲོན་རྣམས་ལ་ཀྲི་སྦི་ནད་ཁང་གི་ཡང་སྟེང་དུ་གུང་ཚིགས་སྟབས་བདེ་ཞིག་ཕུལ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ད་ལྟའི་ཆར་གཙོ་བོ་བདེ་ལེགས་སྨན་ཁང་གི་ཐུགས་ཁུར་ཆེ་བཞེས་འོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱོགས་མཐའ་གང་སར་ཡོད་པའི་སྨན་ཁང་ཐམས་ཅད་ཀྱིས་མཉམ་འཁུར་གནང་བའི་འབྲས་བུར་ཀྲི་སྦི་ནད་གཞིའི་སྔོན་འགོག་ཐུབ་པའི་ནུས་པ་ཧ་ཅང་ཆེན་པོ་སླེབས་ཡོད། ཀྲི་སྦི་ནད་ཀྱི་འགོག་ཐབས་ཐད་གཙོ་བོ་བདེ་ལེགས་སྨན་ཁང་དང་ས་གནས་ཁག་ལ་ཡོད་པའི་སྨན་ཞབས་དང་ལས་བྱེད་ཡོངས་ཀྱི་འགན་ཁུར་འོག་ད་ལྟའི་ཆར་ཐུན་མོང་གི་རྒྱལ་ཁའི་ངོ་བོར་སླེབས་ཡོད། ཅེས་ལན་འདེབས་གནང་།
ཡང་གསར་འགོད་པས་བདེ་ལེགས་སྨན་ཁང་གི་ཀྲི་སྦི་ནད་ཀྱི་ཆེད་ལས་སྨན་པ་ཚེ་བརྟན་ལགས་སུ་དྲི་བ་ཞུས་པར་ཁོང་གིས་གསུང་དོན། འདི་ལོ་ང་ཚོར་ཨི་ཊ་ལི་གཞུང་ནས་མཐུན་འགྱུར་གནང་བར་བརྟེན། ང་ཚོས་སྔར་ལྷག་ཤུགས་སྣོན་བརྒྱབ་སྟེ་བོད་ནས་གསར་དུ་འབྱོར་བ་དང་དེ་བཞིན་གཞིས་ཆགས་ཁག་ནས་སླེབས་པའི་ཀྲི་སྦི་ནད་ཀྱིས་ཟིན་པའི་ནད་པ་ཚབས་ཆེ་བ་རྣམས་འདིར་ཡུན་རིང་བཞུགས་དགོས་ཀྱི་ཡོད་སྟབས། ང་ཚོས་ཁོང་རྣམས་པའི་ཆེད་ཡར་རྒྱས་གཏོང་ཐུབ་པ་བྱུང་སོང་བར་སེམས་ནང་དགའ་ཚོར་ཡོང་གི་འདུག དེ་རིང་ངས་འདིར་གཙོ་ཆེ་ཤོས་ཀྲི་སྦི་ནད་འགོས་སྟངས་སྐོར་ལ་ཞུ་གི་ཡིན། དང་པོ། ཕྲུ་གུ་སྐྱེས་མ་ཐག་སྔོན་འགོག་གི་ཁབ་རྒྱག་རྒྱུ་ནི་གལ་ཆེ་ཤོས་ཡིན། གཉིས་པ། གཞོན་སྐྱེས་ནད་པ་མང་ཆེ་བ་ཞིག་གཞི་རིམ་སློབ་གྲྭ་ཐོན་རྗེས་མཐོ་སློབ་ཁག་དང་ལས་གཞི་འདྲ་མིན་ཐད་གྲོང་ཁྱེར་ཆེ་ཁག་ནང་ལས་ཀ་བྱེད་སྐབས། འཕྲོད་བསྟེན་གྱི་སྤྱོད་ལམ་འཁྱེར་སྟངས་དང་བཟའ་འཐུང་སྡོད་སྟངས་མ་ཤེས་པ། ལྷག་དོན་ཁ་པར་བརྒྱུད་ཚོང་ལས་འབྲེལ་མཐུད་ཀྱི་མཚན་ལས་བྱེད་མཁན་མང་པོས་མཚན་འཁྱོངས་ལས་ཀ་བྱས་ཏེ་ཉིན་མོ་ངལ་གསོ་དང་ཁ་ལག་ཡག་པོ་མ་རག་པར་བརྟེན་ནད་འདི་ཡོང་གི་འདུག ཡང་རིགས་གཅིག་ནི་སློབ་གྲྭ་སོགས་ཉལ་ཁང་ནང་ཕྲུ་གྲུ་མང་པོ་མཉམ་དུ་ཉལ་བ་དང་། མི་མང་འདུ་སྡོད་ནང་མི་གཅིག་ལ་ན་ཚ་དེ་ཡོད་ན་གཞན་ལ་འགོས་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་གཞོན་སྐྱེས་ཚོར་ཀྲི་སྦི་ནད་གཞིའི་གོ་རྟོགས་ཆེ་རུ་གཏོང་རྒྱུ་དང་། གཉིས་པ་དེར་སྨན་གཏུགས་བྱ་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་བོད་པའི་གཞིས་གྲོང་ཁག་ཡིན་ན། གཞུང་གི་མཐུན་འགྱུར་ཡོད་པའི་སྨན་ཁང་ཁག་དང་དེ་དག་མེད་པའི་ས་གནས་སུ་རྒྱ་གར་གཞུང་གི་སྨན་ཁང་བསྟེན་རྒྱུ་གལ་ཆེན་པོ་རེད། མཐའ་མ་སྒེར་གྱི་སྨན་ཁང་དེ་འདྲ་བསྟེན་གཏུགས་བྱེད་དགོས་བྱུང་ཚེ་ཚད་ལྡན་ཡིན་མིན་བརྟག་དཔྱད་གནང་དགོས། ན་ཚ་འདི་དང་པོ་ནས་བསྟེན་གཏུགས་ཡག་པོ་མ་བྱུང་བ་ཡིན་ན། རིམ་པ་དང་པོ་ནས་གཉིས་པ་གསུམ་པ་བར་སླེབས་ཚེ་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ཀར་ནད་གཞི་དེར་གོ་རྟོགས་སྤེལ་རྒྱུ་དང་། འཕྲོད་བསྟེན་སྐོར་གྱི་ཡིག་ཆ་དེ་ཚོར་ཐུགས་སྣང་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་། དེ་ནས་བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་གསར་འགོད་གསལ་བསྒྲགས་གནང་དོན། དེ་རིང་འཛམ་གླིང་ཀྲི་སྦི་ནད་སྔོན་འགོག་ཉིན་མོ་འདིར་ང་ཚོས་ལས་འགུལ་ཞིག་སྤེལ་གྱི་ཡོད། སྔོན་མ་ཡིན་ན་ང་ཚོའི་སྤྱི་ཚོགས་ནང་ན་ཚ་འདི་རིགས་ལ་དཀའ་ངལ་ཆེན་པོ་ཡོད་ནའང་། དེང་སང་ཅུང་དྲག་ཏུ་ཕྱིན་ཡོད་འོན་ཀྱང་ད་དུང་དཀའ་ངལ་དེ་མཚམས་མ་ཆད་པར་གནས་ཡོད། བདེ་ལེགས་སྨན་ཁང་གིས་ཤུགས་སྣོན་རྒྱག་ས་གཙོ་བོ་དེ་ཀྲི་སྦི་ནད་གཞི་སྔོན་འགོག་ཐོག་ཡིན་པར་བརྟེན། འཛིན་སྐྱོང་གི་ཆ་ནས་ནད་པའི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་ཆེད་སྔོན་མའི་ཉལ་ཁང་དང་ཉི་འོད་ཀྱི་ཆུ་ཚ་པོ་དང་ཁྲུས་ཁང་སོགས་བསྐྱར་བཅོས་བྱས་ཏེ་དེ་རིང་ཀྲི་སྦི་ཉིན་མོ་འདིར་ང་ཚོས་སྔོན་ནས་འབད་འབུངས་ཞུས་པ་ལྟར་དེ་རིང་དབུ་འབྱེད་བྱེད་རྒྱ་བྱུང་ཡོད། ཅེས་གསུངས། དེ་བཞིན་ཀྲི་སྦི་ནད་གཞི་སྔོན་འགོག་གི་ལས་གཞི་འདིར་རྒྱབ་སྐྱོར་གནང་མཁན་ནི་ཨི་ཊ་ལིའི་གཞུང་གི་རོགས་ཚོགས་ཤིག་ཡིན་པ་མ་ཟད། སྐུ་ཚབ་མི་སྣ་གཅིག་ཀྱང་ཆེད་ཕེབས་གནང་ཡོད། བདེ་ལེགས་སྨན་ཁང་ནས་ལོ་རེ་རེར་ཀྲི་སྦི་ནད་པ་ ༢༠༠ བརྒལ་བར་སྨན་བཅོས་དང་རྒྱུན་དུ་ནད་པ་ ༢༥ ལ་ཉལ་ཁང་སོགས་སྨན་བཅོས་ཀྱི་མཐུན་རྐྱེན་གང་ལེགས་སྐྲུན་བཞིན་འདུག ཅེས་གསུངས་བ་བཅས།།