༢༠༡༠ ཕྱི་ཟླ་ ༣ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༤ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཧན་ཊར་ (Hunter) ཞེས་པའི་ཚོགས་པ་དང་ནིའུ་ཡོཀ་གྲོང་ཁྱེེར་གཙུག་ལག་སློབ་ཁང་ (The City University of New York) དང་པེ་སི་གཙུག་ལག་སློབ་ཁང་ (Pace University) དེ་བཞིན་རྒྱ་རིགས་གཞོན་ནུ་ཚོགས་པ་ (China Youth Foundation) བཅས་ཀྱིས་གོ་སྒྲིག་འོག་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་དབར་བོད་རྒྱ་གཉིས་ཀྱི་གནད་དོན་གྱི་བརྗོད་གཞིའི་ཐོག་ཕན་ཚུན་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་འདུག བོད་རྒྱའི་སློབ་ཕྲུག་ཚོའི་བསམ་ཚུལ་ལྟར་ན་བོད་རྒྱ་མི་རིགས་གཉིས་དབར་དངངས་འཚབ་དང། ཕྱོགས་རིས། ལོག་རྟོག་སོགས་སེལ་ཐབས་ནི་མི་ཚེའི་ལྟ་ཚུལ་འདྲ་མིན་ཐོག་ཉམས་མྱོང་ཡོད་མཁན་མི་ཚོ་དང་ལྷན་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་དེ་ཡིན་པ་རེད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བྱུང་བའི་ཞི་རྒོལ་དང་དེ་རྗེས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཚབས་ཆེ་བྱས་པ་སོགས་ལ་བརྟེན་བོད་རྒྱ་མི་རིགས་གཉིས་དབར་གྱི་བསམ་བློ་འཁྱེར་སོའི་སྐོར་ཕན་ཚུན་གཞུང་འབྲེལ་མ་ཡིན་པའི་བགྲོ་གླེང་ལྷུག་པོ་ཞིག་ཡོང་སླད་བོད་རྒྱའི་སློབ་ཕྲུག་འབྲེལ་ལམ་ལྷན་ཚོགས་ (The Bridge Conference) ཞེས་པའི་ཚོགས་འདུ་ཞིག་ཚོགས་རྒྱུའི་བསམ་བློ་གསར་པ་ཞིག་གསལ་སྟོན་བྱས་ཡོད། ཚོགས་འདུ་དེའི་ནང་སློབ་གཉེར་ཁང་འདྲ་མིན་གྱི་སློབ་ཕྲུག་མཉམ་ཞུགས་གནང་རྒྱུ་ཡིན་འདུག བོད་རྒྱའི་སློབ་ཕྲུག་འབྲེལ་མཐུད་ལྷན་ཚོགས་ཞེས་པའི་ཚོགས་འདུ་དེའི་ནང་བོད་རྒྱའི་སློབ་ཕྲུག་དང་། ན་གཞོན་སོགས་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་ལྷན་ཚོགས་དེར་གཙུག་ལག་སློབ་གཉེར་ཁང་གི་སློབ་སྟོན་པས་རྒྱབ་སྐྱོར་གནང་ཡོད། འོན་ཀྱང་ལྷན་ཚོགས་དེ་ཆབ་སྲིད་དང་། རྒྱལ་ཁབ། ཆོས་ལུགས་ཁག་དང་འབྲེལ་བ་གང་ཡང་མེད། ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། ལས་གཞི་དེ་བརྒྱུད་ཚོགས་བཅར་བ་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། ཚོགས་པའི་སྐུ་ཚབ། གྲགས་ཅན་མི་སྣའི་གཏམ་བཤད། ཚོགས་བཅར་བ་སློབ་ཕྲུག་བཅས་ནས་བོད་རྒྱའི་གནད་དོན་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་བརྒྱུད་བོད་རྒྱ་མི་རིགས་གཉིས་ཀྱི་དབར་འབྲེལ་བ་དམ་ཟབ་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་བོད་ནང་འགྲོ་མ་མྱོང་བ་དང་། བོད་པའི་རིག་གཞུང་སློབ་སྦྱོང་བྱེད་མྱོང་མེད་པ། དེ་བཞིན་ཕྱིི་རྒྱལ་དུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་རྒྱ་སྐད་མི་ཤེས་པ་དང་། རྒྱ་ནག་གི་རིག་གཞུང་ཤེས་རྟོགས་མེད་པ། སློབ་ཕྲུག་ཚོའི་རྒྱབ་ལྗོངས་དང་། ཆོས་དད། ཆབ་སྲིད་སོགས་ཀྱི་ལྟ་ཕྱོགས་འདྲ་མིན་ཡིན་ནའང་། ཕན་ཚུན་བསམ་ཚུལ་དང་རྩོམ་བྲིས་བརྗེ་ལེན་གནང་རྒྱུ་མ་ཟད། བོད་རྒྱའི་གནས་སྟངས་དང་ཕན་ཚུན་འབྲེལ་ལམ་གནང་རྒྱུར་ཡིད་ཆེས་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན་འདུག་པ་བཅས།།