༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་ཨུ་རུ་སུའི་ (Russian Academy of Sciences) ཞེས་པའི་གཙུག་ལག་སློབ་ཁང་གི་མཁས་དབང་བགྲེས་པ་སར་ཇེའུ་སི་ཨེལ་ཀུཛ་མིན་ (Dr.Sergius L. Kuzmin) ལགས་ཀྱིས་ཨུ་རུ་སུའི་སྐད་ཡིག་ཐོག་བྲིས་པའི་དཔེ་དེབ། མངོན་པར་མི་གསལ་བའི་བོད། (Hidden Tibet) ཅེས་པ་གསུམ་བཅུའི་དུས་དྲན་ཐེངས་ ༥༡ ཉིན་མོར་འདོན་སྤེལ་གནང་ཡོད། དེབ་འདི་ནི་ཨུ་རུ་སུའི་སྐད་ཡིག་ཐོག་བོད་ཀྱི་སྐོར་བྲིས་པའི་དེབ་གསར་ཤོས་དེ་ཡིན། ལེའུ་བཅུ་གཉིས་ཅན་གྱི་དཔེ་དེབ་དེར་ཤོག་གྲངས་ ༥༤༡ དང་། བོད་ཀྱི་ས་ཆའི་གནས་སྟངས། (geography) བོད་མི་རིགས་ཀྱི་བྱུང་ཚུལ་དང་ད་ལྟའི་བོད་ཀྱི་གནས་སྟངས་བཅས་མཚོན་པའི་འདྲ་པར་ ༡༨༠ ཙམ་ཡོད། དེབ་འདི་ནི་ཨུ་རུ་སུའི་སྐད་ཡིག་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་རྒྱས་ཤོས་དང་ཁུངས་བཙན་ཤོས་དེ་ཆགས་ཡོད། དེབ་འདིའི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་འགྲོ་ཚུལ་སྐོར་བྲིས་པ་དེས་བོད་འདི་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་དང་། བོད་ལ་ཐུན་མིན་གྱི་ངོ་བོ་ཞིིག་ཡོད་པ་ཁ་གསལ་བཏོན་ཡོད། དེབ་དེས་རྒྱ་ནག་གི་རིག་གཞུང་དང་ས་བབ་ཆགས་ཚུལ་གྱི་རིག་པ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ལོ་རྒྱུས་ཐོག་ལའང་དཔྱད་ཞིབ་བྱས་འབྲས་སུ་རྒྱ་ནག་གིས་བོད་འདི་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་ཚུལ་འཁྱོག་བཤད་དེ་དག་འགྲེལ་བརྗོད་ལོག་པ་ཞིག་ཡིན་སྐོར་ཁ་གསལ་གསུངས་ཡོད། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་གི་ཐོབ་ཐང་བརླག་པའི་གནས་སྐབས་ཤིག་ནམ་ཡང་བྱུང་མེད་པ་རྩོམ་པ་པོས་ཁྲིམས་མཐུན་ཐོག་རྩོད་གླེང་ཡང་གནང་ཡོད། དེར་བརྟེན་བོད་འདི་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་གཅིག་ཆགས་ཡོད་པ་རྩོད་མེད་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། རྩོམ་པ་པོས་མཐའ་བསྡོམས་སུ་བརྗོད་དོན། བོད་འདི་རྒྱལ་ཁབ་སུ་ཞིག་གི་ཆ་ཤས་སུ་འགྱུར་མེད་པ་དང་། རྒྱ་ནག་དེ་སོག་པོ་ཡོན་ (Mongolian Yuan Empire and Manchu Qing Empire) དང་མན་ཇུའི་མངའ་དབང་འོག་ཏུ་ཡོད་སྐབས་བོད་དེ་རྒྱལ་ཁབ་ཐ་དད་ཅིག་ཡིན་པ་མ་ཟད། གོང་གི་རྒྱལ་བརྒྱུད་སོ་སོའི་མངའ་ཁོངས་སུའང་ཚུད་མེད། དེ་བཞིན་བོད་འདི་ཐང་དང་མིང་ (Tang and Ming Empire) རྒྱལ་བརྒྱུད་ཀྱི་མངའ་དབང་འོག་ཏུའང་ཚུད་མེད་ཅེས་སོགས་འཁོད་ཡོད། དེབ་དེ་ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་བསྟི་གནས་ཁང་གི་འཛིན་སྐྱོང་འོག་དབྱིན་སྐད་ཐོག་ཕབ་སྒྱུར་ཞུས་ཡོད།