༢༠༡༠ ཕྱི་ཟླ་ ༣ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༦ ཉིན་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་ཐོག་བཞུགས་སྒར་གངས་སྐྱིད་གསོལ་ཐབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཐེངས་གསུམ་པ་དེ་ཚོགས་ཡོད་ཅིང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠། ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཀང་ར་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་དང་། སི་པན་ (Spain) ཡུལ་གྱི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཐོ་རི་དང་། Mr. Thorey ཨལ་རེ་སི་ལགས་ Mr. Elrisry ཀྱི་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཕྱི་རྒྱལ་ཡུལ་དང་རྒྱ་གར་དང་། བལ་ཡུལ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི། གསར་འགོད་པ་བཅས་མི་གྲངས་ ༦༠ བརྒལ་བ་ཚང་འཛོམས་ཐོག་མར་བཀའ་ཁྲི་མཆོག་གིས་སྒྲོན་མེ་ཞལ་ཕྱེ་གྲུབ། དེ་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་དྲུང་ཆེ་ཟླ་བ་རིན་ཆེན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་གྲུབ་མཚམས་རྒྱུན་ལས་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་དང་། དེ་ནས་བཀའ་ཁྲི་མཆོག་གི་ཚོང་ལས་བདེ་ཚོགས་འགྲོ་སོང་མཐུན་འགྱུར་གནང་མཁན་རྣམས་ལ་ཕྱག་འཁྱེར་གནང་རྗེས་གསུང་བཤད་གནང་དོན། དེ་རིང་འདིར་ཚོང་ལས་བདེ་དོན་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པས་དབུས་སྐུ་མགྲོན་དུ་ཕེབས་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བར་ལམ་ཁྱེད་རང་ཚོས་ཕྱག་ལས་ཤུགས་ཆེ་གནང་བར་གྲུབ་འབྲས་ཀྱང་ཡག་པོ་ཐོན་པར་ཚང་མར་དགའ་བསུ་ཡོད། སྤྱིར་བཏང་ཚོང་ལས་ཞེས་པ་དེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་ཡོད་པ་ཞིག་རེད། དེང་གསར་པ་བྱུང་བ་ཞིག་གང་ཡང་མིན། རྒྱ་གར་ནང་ལོ་སྟོང་ཕྲག་ལྔ་དྲུག་སྔོན་ནས་མིའི་སྤྱི་ཚོགས་ནང་རྒྱལ་རིགས་དང་། བྲམ་ཟེའི་རིགས། རྗེའི་རིགས། དམངས་རིགས་བྱས་ཏེ་རིགས་ཀྱི་དབྱེ་བ་བཞི་ཕྱེ་བའི་སྐབས་ལ་ཚོང་ལས་དེ་དག་རིགས་ཀྱི་བྱེ་བྲག་ཞིག་ནང་ཕྱེ་ཡོད། ང་ཚོ་བོད་ལ་ཆ་གཞག་པ་ཡིན་ནའང་བོད་མི་མང་ཆེ་བ་རྣམས་བཟོ་ཞིང་འབྲོག་གསུམ་ལ་བརྟེན་གྱི་ཡོད།
དེའི་ནང་ནས་ཞིང་པ་མང་ཤོས་ཡིན། ཉུང་ཤོས་བཟོ་པ་རེད། འཚོ་ཐབས་བཟོ་ཞིང་འབྲོག་གསུམ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། བཟོ་ཞིང་འབྲོག་གསུམ་ལས་དེ་དག་ཕན་ཚུན་མཚམས་སྦྱོར་བྱེད་རྒྱུ་དང་འབྲེལ་བ་བྱེད་རྒྱུ་དེ་ཚོང་པ་ཚོས་བྱེད་ཀྱི་ཡོད། བོད་ནང་ཚོང་པའི་སྤྱི་ཚོགས་དེ་དག་གནའ་སྔ་མོ་ནས་ཡོད་པ་ཞིག་དང་། སྤྱིར་བཏང་ཚོང་པ་དང་ཁྲོམ་ར་གཉིས་པོ་དེ་དེང་གཅིག་གྱུར་བརྩི་གི་འདུག བོད་ཀྱི་རིག་གནས་གཞིར་བཟུང་བྱས་པ་ཡིན་ན་ཚོང་པ་ཡིན་ཕྱིན་ལ་ཁྲོམ་ར་ཡིན་པའི་ངེས་པ་མི་དགོས། སྔ་མོ་རྒྱ་གར་སྤྱི་ཚོགས་ནང་ཁྲོམ་ར་མ་དར་སྔོན་ནས་ཚོང་ལས་དར་ཚར་བ་ཞིག་རེད། དེ་བཞིན་བོད་ཀྱི་ནང་དུའང་གཅིག་མཚུངས་དང་། ཚོང་ལས་ཞེས་པ་དེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་ཐབས་རྙིང་ཤོས་ཞིག་དང་། འཚོ་ཐབས་ཚད་ལྡན་ཞིག་ནང་ཚུད་ཡོད། ཕྱི་ལོ་ ༡༩༥༩། ལོར་ང་ཚོ་བཙན་བྱོལ་དུ་འབྱོར་བའི་སྐབས་ལ་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཚོང་པ་རྙིང་པ་མང་པོ་ཡོད། དེ་ཚོ་བཙན་བྱོལ་ནང་སླེབས་དགོས་རྒྱུ་དེའང་ཕྱི་ལོ་ ༡༩༥༧། ༥༨། བོད་དུ་རང་དབང་རྩོད་ལེན་ལས་འགུལ་ནང་ཞུགས་མཁན་དབུས་ལ་ཡོད་པའི་མདོ་སྟོད་སྨད་ཀྱི་ཚོང་པ་དེ་དག་ཡིན་དུས་བཙན་བྱོལ་དུ་ཚོང་གི་ལས་རིགས་བྱེད་མཁན་མང་པོ་སླེབས་ཡོད་ཅེས་སོགས་དང་། བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠། བལ་གོས་ཚོང་ལས་ཐོག་འདས་པའི་ལོ་ངོ་ ༣༠ ལྷག་ཕྱིན་པ་རང་འཇགས་ལས་དེང་རབས་དང་མཐུན་པའི་ཡར་རྒྱས་གཏོང་རྒྱུའི་ཐད་ལ་ཅུང་རྗེས་ལུས་ཐེབས་ཡོད་པས་ཁྲོམ་ར་དང་མཐུན་པའི་གསར་གཏོད་བྱེད་དགོས་པ་དང་། དེང་གོ་ལ་གཅིག་གྱུར་ཚོང་ལས་ནང་འགྲོ་དུས་འདིར་ཚོང་པའི་བཟང་སྤྱོད་ཉམས་པའི་སྐྱོན་ཡོད་པས་བཤུ་གཞོག་མེད་པ་དང་། འཚེ་བ་མེད་པ་དགོས་པའི་སྐོར་ལ་གསུང་བཤད་ཟབ་ཅིང་རྒྱས་པ་གནང་བ་དང་། དེ་ཡང་བོད་མིའི་ཚོང་ལས་བདེ་ཚོགས་ཚོགས་འདུ་དེ་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་པ་དེ་ཐོག་མར་ཕྱི་ལོ་ ༢༠༠༥ ལོར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ལམ་སྟོན་དང་དཔལ་འབྱོར་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོ་བོར་ཚོང་པ་ཚོས་བཙུགས་པ་ཞིག་ཡིན་པ་དང་། ཚོགས་འདུའི་དམིགས་དོན་ནི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་པའི་ཚོང་གཉེར་བ་ཚོའི་བར་འབྲེལ་ལམ་ཚགས་ཚུད་དང་། འབྱུང་འགྱུར་རྒྱལ་སྤྱིའི་ཚོང་གི་སྡིང་ཆའི་སྟེང་ཞུགས་རྒྱུའི་ཐབས་ལམ་འཚོལ་བའི་ཆེད་དང་། ད་ལྟ་ཚོགས་མི་ ༩༥། ཙམ་ཡོད་འདུག་པ་བཅས།