༢༠༡༠ ཕྱི་ཟླ་ ༣ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དོན། རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་པའི་ཉེས་འཛུགས་འོག་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཉག་རོང་ཐང་སྐྱིད་གྲོང་ནས་ཡིན་པ་རང་ལོ་ ༢༨ སོན་པའི་བོད་མི་ཞིང་པ་པདྨ་ཡེ་ཤེས་ལགས་སུ་ལོ་གཉིས་རིང་དུས་འགྱངས་ཐོག་སྲོག་ཁྲིམས་ཀྱི་ཉེས་ཆད་བཏང་ཡོད་པ་དང་། དེ་བཞིན་ཐང་སྐྱིད་གཞི་རིམ་སློབ་གྲྭའི་མ་བྱན་རང་ལོ་ ༢༤ ཡིན་པ་བསོད་ནམས་མགོན་པོ་ལགས་སུ་ཚེ་བཙོན་དང་། རང་ལོ་ ༣༢ ཡིན་པ་ཚེ་དབང་རྒྱ་མཚོ་ལགས་སུ་ལོ་ ༡༦ བཙོན་འཇུག་གི་དུས་བཀག་བཟོས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་། ཁོང་ཚོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་ཁྲིམས་ཆད་བཏང་ཡོད་ཀྱང་དོན་དངོས་ཐོག་རྒྱལ་གཅེས་པ་ཁོང་གསུམ་ནི་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་པར་བོད་མི་མང་པོ་དམར་གསོད་བཏང་བ་དང་མང་པོ་ཞིག་ད་དུང་བཙོན་དུ་ཡོད་པ་དེ་དག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ས་ཞིང་འདེབས་ལས་མཚམས་འཇོག་དང་ལོ་གསར་མ་བཏང་བའི་ཐོག་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བེད་སྤྱོད་དེ་གཏམ་བརྗོད་ཀྱི་རང་དབང་ཐོག་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་ལས་ནག་ཉེས་ཀྱི་ལས་འགུལ་གང་ཡང་སྤེལ་མེད། བོད་མི་དེ་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་ཁྲིམས་རྩོད་པ་གླ་རྒྱུའི་མཚོན་གཞི་རྩའི་ཐོབ་ཐང་འཁོད་ཡོད་པ་དེ་དག་གང་ཡང་མ་སྤྲད་པའི་གདུག་རྩབ་ཐོག་གསང་བའི་ཁྲིམས་ཆད་བཏང་བ་དེར་ང་ཚོས་བསམ་ཤེས་ཡོད་མཁན་ཚང་མས་བཟང་སྤྱོད་ཐོག་སྐྱོན་བརྗོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།
ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།
གསལ་བསྒྲགས་ངོ་མ་དབྱིན་ཡིག་ནང་ཡོད་པ་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།