༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ལས་བྱེད་བགྲེས་ཡོལ་བུ་བཟང་ལགས། (KEN གསང་མིང་ཕུན་ཚོགས་བསྟན་དར།) ཕྱི་ལོ་ ༡༩༣༠ ལོར་སྙེ་མོ་རྫོང་ཁོངས་སྨོན་མཁར་བ་དང་བོན་ཤོད་དུ་སྐྱེས། ཕ་མིང་ལྷ་དབང་ནོར་བུ། མ་མིང་ཚེ་རིང་གཡུ་སྒྲོན། རང་ལོ་ ༨ ནས་ ༡༠ བར་ཁྱིམ་དུ་བསྡད། རང་ལོ་ ༡༠ ནས་ལྷ་སར་ཐོན་པའི་ནང་བསྡད་པ་དང་།
ཕྱི་ལོ་ ༡༩༤༢ ལོ་སྟེ་རང་ལོ་ ༡༢ སྟེང་བོད་གཞུང་གི་ཀ་དང་དམག་ཁོངས་སུ་འཛུལ་ཞུགས་བྱས་པ་དང་འབྲེལ་སྨན་རྩིས་ཁང་དུ་ལོ་བདུན་ལྷག་རིང་བོད་སྨན་སློབ་གཉེར་བྱས། ཕྱི་ལོ་ ༡༩༥༡ ལོར་སྨན་རྩིས་ཁང་ནས་དགོངས་ཞུས་ཀྱིས་རང་འཚོར་གནས། ཕྱི་ལོ་ ༡༩༥༤ ལོ་ནས་བོད་གཞུང་གི་ཆ་དང་སྤྱི་བདེའི་ (Police) སྨན་པ་བྱས། ཕྱི་ལོ་ ༡༩༥༨ ནས་ ༡༩༥༩ ལོ་སྟོད་བར་ལྷ་སར་གསང་ཐབས་ཀྱིས་རྒྱ་མིའི་གནས་ཚུལ་རྟོག་ཞིབ་ཀྱི་ལས་ཁུར་ཞུས་པ་དང་། ཞར་ཞོར་དུ་མེ་སྒྱོགས་དང་སྦིར་གྷན་སོགས་ཀྱི་སྦྱོང་བརྡར་བྱས། ཕྱི་ལོ་ ༡༩༥༩ ལོ་དེ་གའི་ནང་ཛ་དྲག་ངང་དམག་འཐབ་ནང་ཞུགས་ཏེ་མཐར་གཙུག་ལག་ཁང་ནས་ཕྱིར་ཐོན་གྱིས་ལྷོ་ཁ་བསམ་ཡས་དང་། རྩེ་ཐང་། ལྕེ་བདེ་ཞོལ། ལྷུན་རྩེ་རྫོང་སོགས་བརྒྱུད་རྒྱ་དམག་དང་འཐབ་འཛིང་གི་དམག་འཐབ་ནང་ཞུགས་རྗེས་རྟ་དབང་བརྒྱུད་ཨ་སམ་དང་། སྒང་ཏོག་ལམ་བཟོའི་སྨན་པ་དང་། འབྲུ་རིགས་ལེན་མཁན་སོགས་ཀྱི་ལས་འགན་འཁུར། ཕྱི་ལོ་ ༡༩༦༠ ཟླ་ ༣ པའི་ནང་ཨ་རིར་གསང་བའི་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༥ ཉིན་ཨ་རི་ནས་གནམ་ཐོག་ཐད་ཀར་བོད་སྨར་ཁམས་རྫོང་ཁུལ་དུ་གནམ་མཆོངས་ཀྱིས་བོད་གནས་ཏར་གཏོང་དང་། རྒྱ་དམག་དངའཇབ་རྒོལ་དམག་འཐབ་ནང་ཞུགས་ཀྱང་མང་སྣེ་ཉུང་གིས་མ་བསྟེན་པར་ཕྱི་ལོ་ ༡༩༦༡ ཟླ་ ༤ ཚེས་ ༡༥ ཉིན་རྒྱ་དམག་གི་འཛིན་བཟུང་འོག་ཚུད་ཉེར་སླེབས་སྐབས་རང་སྲུང་དུག་རྫས་བཟས་ཏེ་རྒྱ་དམག་གི་ལག་འོག་ཏུ་མི་ཤོར་བའི་ཐབས་ཤེས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་འཛིན་བཟུང་བྱས་ཏེ་ཚད་ལས་འདས་པའི་ཉེས་རྡུང་ཕོག་པ་མ་ཟད། མི་ལོ་ ༡༨ རིང་བཙོན་ཁང་ནང་ཉིན་མཚན་མི་འཁྱོལ་བའི་དཀའ་སྡུག་མྱངས་དགོས་བྱུང་ཡོད། རྒྱ་དམག་གིས་ཚད་ལས་འདས་པའི་ཉེས་རྡུང་ཕོག་པ་དང་རང་སྲུང་དུག་རྫས་ཁ་ནང་ཤོར་བ་སོགས་ཀྱིས་རྐྱེན་པས་འཚོ་བཞུགས་རིང་ཟ་ཕྲུག་ལངས་པའི་པགས་ནད་ལྟ་བུ་ཞིག་རྒྱུན་འཇགས་བྱུང་ཡོད། ཕྱི་ལོ་ ༡༩༧༨ ལོར་དངོས་སུ་ཕྱི་ཚུལ་དུ་བཙོན་བཀྲོོལ་བཏང་ཁུལ་ཡང་མུ་མཐུད་ངལ་རྩོལ་སྐུལ་འདེད་མྱངས་དགོས་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༨༠ ལོའི་ནང་སླར་ཡང་གོ་སྐབས་ལེན་ནས་འཇིགས་ཞུམ་མེད་པར་མུ་མཐུད་རྒྱལ་གཅེས་པ་ཁག་དང་ལྷན་དུ་བོད་བསྟན་སྲིད་དོན་དུ་ཕྱི་ནང་གསང་གསུམ་ནས་ཞབས་འདེགས་གང་ཐུབ་ཞུས་རྗེས་རྒྱུན་དུ་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཡོང་རྒྱུའི་སྐོམ་པ་ཆུ་འདོད་ལྟར་ཡོད་མུས་ལ་བརྟེན་མཐར་རྒྱ་ནག་གཞུང་གི་ཐོངས་མཆན་ལག་འཁྱེར་ཞུ་ཐོབ་བྱུང་སྟེ་རྒྱ་གར་དུ་འབྱོར་ནས་༸གོང་ས་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ་རྗེས་རྒྱ་གར་ནང་མུ་མཐུད་གཏན་སྡོད་བྱས་པ་དང་། ཕྱི་ལོ་ ༡༩༨༢ ལོ་འགོ་ནས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ཚིག་ཐོ་སྡེ་ཚན་ནང་དང་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་ཐོབ་གོ་གནས་སོགས་ཀྱི་རྩོད་གླེང་གང་ཡང་མེད་པར་ཞབས་ཞུ་ལྷག་བསམ་རྣམ་དག་ཞུས་ཡོད།
ཕྱི་ལོ་ ༢༠༠༣ ལོ་མཇུག་ཏུ་དངོས་སུ་ལས་གནས་ལས་རྒས་ཡོལ་ཞུས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་གཟིགས་སྐྱོང་ཐོག་སླར་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་སྐྱབས་ཞུ་ཁང་དུ་ལས་གནས་ཞབས་ཞུའི་སྐལ་བ་ཐོབ་སྟེ་དུས་ཐུང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་། འོན་ཀྱང་ལོ་ན་རྒས་པ་དང་ལུས་པོ་གཅོང་ཅན་ཡིན་པའི་དབང་གིས་ཡང་ནས་ཡང་དུ་ནད་མནར་བྱུང་རིང་འབྲེལ་ཡོད་ལས་ཁུངས་ཁག་ནས་གང་ཐུབ་ལྟ་རྟོག་ཞུ་ཁུལ་ཡང་དམ་པ་དེ་གཞུང་ཞེན་ལྷག་བསམ་དཀར་བའི་དབང་གིས་གཞན་ལ་བརྡབ་གསིག་བཟོ་མ་དགོས་པ་གཙོ་དོན་བྱས་ཏེ་གཟིགས་རྟོགས་གནང་བར་ཚེར་སྣང་གིས་འཛེམས་ཟོན་ཁོ་ན་བྱེད་ཀྱིི་ཡོད།
ལྷག་པར་ལོ་ཤས་སྔོན་ནད་གཞི་སྡུག་ཏུ་སོང་སྟེ་རང་གཞུང་ནས་ནད་གཡོག་དང་བཅས་ལྡི་ལིར་སྨན་བཅོས་བྱེད་དུས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཇལ་ཁ་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་སྐལ་བཟང་གི་གོ་སྐབས་བླ་ན་མེད་པ་ཐོབ་སྟེ་ལོ་ཤས་རིང་ནད་གཞི་རྦད་དེ་སངས་དྲག་ལྟ་བུས་མུ་མཐུད་བཞུགས་སྒར་ལྷ་རྒྱལ་རིར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ཁང་ཁུངས་ནང་ད་བར་བཞུགས་ཞག་གནང་མུར་མཐར་ནད་རྙིང་བསྐྱར་ལངས་ལྟ་བུ་བྱུང་བར་སྨན་ཁང་ཆེ་གྲས་ཤིག་ལ་བསྐྱོད་དགོས་འབྲེལ་ཡོད་ཁག་ནས་ཡང་ནས་ཡང་དུ་བཀའ་གནང་ཡོད་ཀྱང་མ་གསན་པར་ན་ཚ་དེ་དྲག་སྐྱེད་ཡོང་རྒྱུ་མིན་པའི་བློ་ཐག་བཅད་ནས་བཞུགས་སྒར་རང་དུ་མུ་མཐུད་སྨན་བཅོས་བྱེད་མུས་སུ་ད་ལམ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༥ སྔ་དྲོའི་ཐོ་རེངས་ལ་ཚེ་ལས་འདས་འདུག ཁོང་སྐུ་འཚོ་བཞུགས་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་ཆུང་དུས་ནས་ད་བར་ཉིན་གཅིག་ཀྱང་སེམས་ཤུགས་ཆག་མྱོང་མེད་པར་དམ་བཅའ་བརྟན་པོས་མི་ཚེའི་བཟང་མཐའ་འཁྱོལ་བའི་རྒྱལ་གཅེས་བྱས་ཅན་ཞིག་ཡིན་པར་བརྟེན་འདི་ག་ལས་ཁུངས་ནས་ཁོང་པའི་བྱས་རྗེས་ལ་ཡི་རང་བསྔགས་བརྗོད་དང་འབྲེལ་ཚེ་རབས་ཕྲེང་བར་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་བའི་སྨོན་འདུན་བཅས། བོད་གཞུང་བདེ་སྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༦ཉིན།།