༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་ ༣ པའི་ཚེས་ཤར་ནས་བཟུང་ལྷ་ས་གཙོ་བོར་གྱུར་བའི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་སྤྱི་བདེ་ཉེན་རྟོག་པ་སོགས་ནས་དྲག་རྡུང་གི་ལས་འགུལ་སྤེལ་རིང་ཉེས་པ་གང་ཡང་མེད་པའི་ཆབ་སྲིད་བཙོན་ཟུར་དང་། རྒྱུན་གཏན་ཆབ་སྲིད་ཐོག་དོགས་གཞི་ཡོད་པའི་མི་སྣ། ལྷ་སར་གཏན་སྡོད་བྱེད་མཁན་མ་ཡིན་པའི་བོད་མི་སོགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་གང་བྱུང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། འཛིན་བཟུང་བྱེད་རིང་དྲག་ཆས་ཉེན་རྟོག་ཉེས་རྡུང་ཚད་མེད་བཏང་སྟེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་པད་ལྡིང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད་པའི་གྲོང་ཁྱེར་སྤྱི་བདེ་ཅུས་ཁྱབ་ཁོངས་ཀྱི་ལྟ་སྲུང་ཁང་ཞིག་ནང་སྡོད་གནས་མེད་ཀྱང་ཚང་ཁ་ཤིག་ཤིག་གིས་སྡེབ་གཅིག་ཏུ་བཀག་བསྐྱིལ་བྱས་ཏེ་ཁ་ལག་ཀྱང་བགྲོད་པ་ཁེངས་པ་སྤྲོད་ཀྱི་མེད་པའི་གནས་ཚུལ་ཐོན་བཞིན་ཡོད བཀག་ཉར་ཁང་དེ་ནས་བོད་མི་ཁག་གཅིག་རྫོང་ནས་ཤང་དང་། དེ་ནས་གྲོང་ཚོ་སོ་སོའི་འགོ་ཁྲིད་བརྒྱུད་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ད་དུང་མི་ཉུང་བ་ཞིག་མུ་མཐུད་བཀག་ཉར་ཁང་ཁག་གི་ནང་བཀག་ཉར་བྱེད་མུས་ཡིན་འདུག་ལ། ལྷ་ས་ནས་གོང་དཀར་གནམ་ཐང་བར་འགག་སྒོ་ཁག་བཅུ་ཙམ་བཟོས་ཏེ་ཕན་ཚུན་འགྲུལ་བཞུད་བྱེད་མཁན་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག་པ་དང་། གཞན་ཡང་ཟླ་ ༣ ཚེས་ ༡ ཉིན་རྫ་ཆུ་ཁ་དབོན་པོ་དགོན་ཁུལ་དུ་མི་མང་ཧ་ཅང་མང་པོ་འཛོམས་ཏེ་པགས་རིགས་མེར་བསྲེགས་དང་ཞི་བའི་སྐད་འབོད་བྱས་པ།
ཟླ་ ༣ ཚེས་ ༡༠ ཉིན་སྨར་ཁམས་རྫོང་གཙང་ཤོད་ཤང་ཁོངས་སུ་བོད་མི་ཧ་ཅང་མང་པོ་ཞིག་གིས་ཞི་བའི་སྐད་འབོད་བྱས་པ་དང་། དཀར་མཛེས་རྫོང་ཁུལ་དུ་བཙུན་མ་ཞིག་དང་ན་གཞོན་ཞིག་ནས་ཞི་བའི་སྐད་འབོད་བྱས་པའི་གནས་ཚུལ་ཐོན་པ། དེ་བཞིན་རྔ་པ་ཁུལ་དུ་བོད་མི་ཁག་གཅིག་ཀི་རྟི་དགོན་པར་རྐྱང་ཕྱག་འཚལ་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོདཟླ་ ༣ ཚེས་ ༡༥ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་སློབ་མ་ ༡༥ ལྷག་གི་སྣེ་ཁྲིད་དེ་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་པར་བརྟེན། ཕྱི་དྲོ་ནས་བཟུང་དམག་མི་འབོར་ཆེན་སླེབས་ཏེ་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་སོགས་ད་ལྟ་བོད་ཀྱི་ས་ཁུལ་ཁག་ནང་དམག་ས་ལྟ་བུར་དམག་མི་ཤུགས་ཆེ་འགྲེམས་འཇོག་བྱས་ཏེ་དྲག་རྡུང་གི་ལས་འགུལ་སྤེལ་བཞིན་ཡོད་ནའང་། བོད་མི་ཚོས་རྣམ་པ་མི་འདྲ་བའི་ཐོག་ནས་ཞི་བའི་ངོ་རྒོལ་མང་དག་ཅིག་སྤེལ་བཞིན་པའི་སྙིང་སྟོབས་ནི་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་དམ་བསྒྲགས་ཤིན་ཏུ་ཆེན་པོ་ཡོད་པར་བརྟེན་ས་གནས་ཁག་གི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད།