༢༠༡༠ ཕྱི་ཟླ་ ༣ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༤ ཉིན་བཞུགས་སྒར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་ཆེད་དོན་བགྲོ་གླེང་ཞིག་ཚོགས་པ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དམིགས་བསལ་སྐུ་མགྲོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག བཀའ་ཟུར་རྗེ་བཙུན་པདྨ་མཆོག བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བུད་མེད་ཚོགས་པའི་སྐུ་ཚབ་དང་། དེ་བཞིན་རྡ་སའི་བཙུན་དགོན་ཁག་གཅིག་གི་སྐུ་ཚབ་བཅས་ཚང་འཛོམས་ཐོག་བཀའ་ཁྲི་མཆོག་གིས་མར་མེ་ཞལ་ཕྱེ་གནང་། དེ་ནས་གསོལ་ཇ་དང་འབྲས་བསིལ་ཕུལ་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་གྲུབ་མཚམས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་ཆེད་དོན་བགྲོ་གླེང་གི་ཚོགས་འདུར་ཕེབས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བཀའ་ཟུར་རྣམ་པ། བཀུར་འོས་སྤྱི་འཐུས་རྣམ་པ། དྲུང་ཆེ་རྣམ་པ། དེ་བཞིན་བགྲོ་གླེང་ནང་ཆ་ཤས་ལེན་མཁན་གྱི་ཚོགས་མི་ཚང་མར་བཀའ་ཤག་ངོས་ནས་དགའ་བསུ་དང་འཚམས་འདྲི་ཡོད། དཔལ་འབྱོར་ལས་ཁུངས་ནས་དེ་རིང་འདི་གར་ཆེད་དོན་བགྲོ་གླེང་ཞིག་གོ་སྒྲིག་གནང་བར་ཡག་པོ་བྱུང་འདུག སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་འདས་པའི་ལོ་སྟོང་ཕྲག་གསུམ་ཡན་མན་ཞིག་རིང་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ་དུས་རབས་ཉེར་གཅིག་བར་ང་ཚོས་ཕྱི་བལྟས་ཤིག་སློག་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་བར་ལ་འདྲ་མཉམ་མེད་པ་དང་། ཡང་ན་གཅིག་གིས་གཅིག་ལ་གནོན་ཤུགས་དང་བཙན་དབང་། ལྷག་པར་དུ་རྒྱུ་མཚན་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་བསམ་ཚུལ་དང་དཀའ་རྙོག་བྱུང་མ་མྱོང་བ་ཞིག་རེད། སྤྱིར་འཛམ་བུ་གླིང་གི་སྤྱི་ཚོགས་མང་པོ་དང་མཚུངས་བསྡུར་བྱས་པ་ཡིན་ན། བོད་པའི་སྤྱི་ཚོགས་འདི་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད། སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ་ཕོ་མོ་འདྲ་མཉམ་དང་མཐུན་ལམ་གྱི་གནས་བབ་ཡག་པོ་ཡོད་སོགས་དང་། ཡང་བཀའ་ཁྲི་མཆོག་གིས་གསུང་དོན། བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་དགོས་མཁོ་དེ་ག་དུས་ཆགས་ཡོད་དམ་ཞེས་ན། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་དམག་མི་དང་གྲྭ་པ་དང་། དེ་བཞིན་ས་མཚམས་གྲོལ་ཐུབ་མཁན་དེ་དག་ཕལ་ཆེར་སླེབས་ཏེ། སྐབས་དེ་དུས་བཙན་བྱོལ་བོད་མི་ཁྲི་བརྒྱད་ཙམ་ཡོད་པའི་ནང་ནས་བུད་མེད་ཀྱི་གྲངས་ཀ་ཉུང་ཉུང་རེད། ད་ལྟ་ཡང་ཆ་སྙོམས་དང་ནུས་ཤུགས་སྤེལ་རྒྱུའི་ཐབས་ལམ་ཞིག་འདུ་ཤེས་དང་ལྡན་པའི་ཐོག་ནས་མ་གནང་བ་ཡིན་ན་ཁྱད་པར་གྱི་གནས་ཚུལ་ཡོང་སྲིད་པ་རེད།
ད་ལྟའི་གནས་སྐབས་ལ་དགའ་ལྡན་ཕོ་བྲང་གཞུང་གི་གཞུང་ཞབས་པ་ ༤༦༤ ཡོད་པའི་ནང་ནས་བུད་མེད་ ༡༥༥ ཡོད་པ་དེ་བརྒྱ་ཆ་དམའ་པོ་ཆགས་ཀྱི་མེད། དེ་བཞིན་གོང་དུ་མ་ཚུད་པའི་ས་གནས་ཁག་ལ་རང་ཁུངས་ལས་བྱེད་ ༧༠༠ ལྷག་ཞིག་ཡོད་པ་དེའི་ནང་སྐྱེས་པ་ ༤༤༦ དང་བུད་མེད་ ༢༧༤ ཡོད། དབུས་ཀྱི་གཞུང་ཞབས་ལས་ས་གནས་རང་ཁུངས་ལས་བྱེད་ནང་བུད་མེད་ཀྱི་བརྒྱ་ཆ་མཐོ་བ་ཡོད། ས་གནས་འཐུས་མིའི་ནང་ཉུང་ཉུང་རེད། ས་གནས་འཐུས་མི་བསྡོམས་ ༣༤༠ ཡོད་པའི་ནང་ནས་བུད་མེད་ ༣༧ ལས་མི་འདུག ད་ལྟ་ང་ཚོས་ནུས་ཤུགས་སྤེལ་དགོས་རྒྱུའི་ས་གནས་གཅིག་དེ་ས་གནས་འཐུས་མིའི་ཚོགས་འདུ་དང་། སྤྱི་འཐུས་ལྷན་ཚོགས་ནང་རེད་བསམ་གྱི་འདུག དེ་དག་ལ་ལྟ་སྐབས་ང་ཚོའི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་འགུལ་ཞིག་བསམ་བཞིན་དུ་འབད་བརྩོན་བྱེད་དགོས་ཀྱི་འདུག ང་ཚོས་འབད་བརྩོན་བྱེད་རྒྱུའི་གཞི་རྩ་གལ་ཆེ་ཤོས་གཞོན་སྐྱེས་ཀྱི་མི་འབོར་ནང་ལྟ་དགོས་པ་རེད། བོད་གཞུང་གི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ཕྱི་ལོ་ ༢༠༠༩ ལོ་མཇུག་བར་འཛིན་གྲྭ་བཅུ་གཉིས་མན་ཆད་ཀྱི་སློབ་གྲྭ་སྒྲིམ་བཞིན་པའི་སློབ་ཕྲུག་གྲངས་ ༣༨༣༤༧ ནང་ནས་བུ་མོ ༡༨༨༠༥ ཡོད་པ་ཕལ་ཆེར་གྲངས་ཀ་མང་ཉུང་ཞེ་དྲག་ཤོར་མི་འདུག མ་འོངས་པའི་སྤྱི་ཚོགས་ཀྱི་གནས་ཚུལ་ཚང་མའི་ནང་གཅིག་གྱུར་བྱས་ཏེ་ཆ་ཤས་ལེན་རྒྱུ་དང་འགྲོ་རྒྱུའི་གོ་སྐབས་ཡོད། ཡིན་ནའང་གཞུང་ཞབས་དང་ས་གནས་འཐུས་མིའི་ནང་མང་ཉུང་ཤོར་རྒྱུ་དེ་རང་བཞིན་གྱི་གནས་སྟངས་ཤིག་མིན་པར་སོང་བསམ་བཞིན་དུ་འབད་བརྩོན་གནང་དགོས་ཀྱི་འདུག ད་ལྟ་ང་ཚོའི་ལས་འགུལ་འདིའི་ངོ་བོ་འཛིན་སྟངས་མ་ནོར་བ་ཞིག་གནང་དགོས་རྒྱུ་ནི་བཀའ་ཤག་གི་བསམ་ཚུལ་ནང་ཡོད། འདི་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུའི་ལས་འགུལ་ཞིག་མ་རེད།
སྤྱིར་བཏང་ང་ཚོས་བོད་པ་དེ་དག་གི་ཐོབ་ཐང་སྐོར་སྐད་ཆ་ཤོད་ཀྱི་མེད་པར་ལས་འགན་གྱི་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད། རང་རང་སོ་སོའི་སྒྲུབ་རྒྱུའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་གལ་ཆེན་པོ་བརྩི་གི་ཡོད་པར་བརྟེན། སོ་སོའི་ལས་འགན་སྒྲུབ་རྒྱུར་རྗེས་ལུས་མ་ཐེབས་པ་དང་། ལྷག་པར་དུ་བུད་མེད་ཀྱི་ལས་འགན་སྒྲུབ་རྒྱུར་བུད་མེད་རང་གིས་རྗེས་ལུས་མ་ཐེབས་པ་ཞིག་ཡོང་རྒྱུའི་ཆེད་དུ་དམིགས་པའི་ལས་འགུལ་ཞིག་རེད་མ་གཏོགས། བུད་མེད་ཀྱི་ཐོབ་ཐང་ཤོར་གྱི་འདུག་ཅེས་རྩོད་པ་རྒྱག་རྒྱུའི་ལས་འགུལ་ཞིག་རྩ་བ་ནས་མ་རེད།བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་གཉའ་གནོན་དང་བཤུ་གཞོག ཕོ་མོ་ལ་ཐོབ་ཐང་དང་དབང་ཚད་འདྲ་མཉམ་མེད་པའི་དཀའ་ངལ་ཞིག་ཡོད་པ་དེ་སེལ་རྒྱུའི་ཆེད་དུ་ལས་འགུལ་བརྩམས་པ་ཞིག་མིན། རང་བཞིན་ལྷན་སྐྱེས་དང་ཐབས་ཤེས་ཟུང་འཇུག་བྱས་ཏེ་འགྲོ་དགོས་རྒྱུ་དང་། སྐྱེས་པ་དང་བུད་མེད་ཟུང་དུ་འཇུག་ནས་འགྲོ་དགོས་ཡོད་པའི་གནས་ཚུལ་གང་དུའང་རྒྱུ་མཚན་ལ་བརྟེན་ནས་གལ་གནད་དེ་སྒྲུབ་རྒྱུའི་ལས་འགན་ཞིག་རེད། ལས་འགུལ་རྩོམ་པའི་དམིགས་ཚད་ག་རེ་བཟུང་གི་ཡོད་ཟེར་ན། ལོ་བཅུའི་རྗེས་ལ་བསྐྱར་དུ་གྲངས་ཚད་དེ་དག་བསྡུར་བ་ཡིན་ན་སློབ་གྲྭའི་ནང་ཕོ་མོའི་གྲངས་ཚད་ལྟར་ཕྲན་བུའི་ཁྱད་པར་མེད་པ་བཟོ་ཐུབ་ཚེ། ང་ཚོའི་དམིགས་ཚད་སྒྲུབ་པ་རེད་བསམ་གྱི་འདུག་པས་དེའི་ཆེད་དུ་ལམ་སྟོན་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་རིམ་པས་སྐུ་ཚབ་ཁག་གིས་བུད་མེད་ཀྱི་ནུས་ཤུགས་གོང་དུ་སྤེལ་ཐབས་ཆེད་ཕན་ཚུན་བགྲོ་གླེང་ཉིན་གཉིས་རིང་གནང་རྒྱུ་ཡིན་འདུག