༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་ས་པ་རག་ (Prague) ཏུ་གློག་བརྙན་འགྲན་བསྡུར་གྱི་དུས་སྟོན་ (Prague Festival) ཞིག་ཚུགས་ཡོད། སྐབས་དེར་འགྲན་བསྡུར་ནང་མཉམ་བཞུགས་གནང་མཁན་རྒྱལ་ཁབ་ ༣༠ ཙམ་གྱི་གློག་བརྙན་གྲངས ༡༠༡ ཙམ་བསྟན་ཡོད། དེ་ཡང་རེས་གཟའ་ཕུར་བུའི་ཉིན་བོད་པའི་དངོས་བྱུང་གློག་བརྙན་སྤྲིན་རྒྱབ་ཀྱི་ཉི་མ་ཞེས་པ་དེར་ཀ་ལེབ་ (Vaclav Award) ཀྱི་གཟེངས་རྟགས་ཐོབ་ཡོད། གློག་བརྙན་དེ་བཟོ་བསྐྲུན་གནང་མཁན་སྐུ་ཞབས་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ (Ritu Sarin) ལགས་རྣམ་གཉིས་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཀ་ལེབ་ཧ་ཝེལ་ (Vaclav Havel) ལགས་ཀྱི་མཚན་ཐོག་ཡོད་པའི་གཟེངས་རྟགས་དེ་ཕུལ་བ་རེད། དགུང་གྲངས་ ༧༣ ལ་ཕེབས་པའི་སྲིད་འཛིན་ཟུར་པ་ཀ་ལེབ་ཧ་ཝེལ་ (Vaclav Havel) ལགས་ནི་དེ་སྔ་ཅེག་རྒྱལ་ཁབ་ནང་དམར་ཤོག་ཚོགས་པའི་དབང་འཛིན་འོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་དབུ་ཁྲིད་གཙོ་གྲས་ཤིག་ཡིན་པ་དང་། ཁོང་ནི་ཕྱི་ལོ་ ༡༩༨༩ ལོར་ཅེག་ནང་མང་གཙོ་དབུ་བརྙེས་ནས་སྲིད་འཛིན་ཐོག་མར་འོས་འདེམས་བྱུང་ཡོད།།