༢༠༡༠ ཕྱི་ཟླ་ ༣ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ ཉིན་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དང་ཐེ་ཝན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་རྒྱ་མཛའ་འབྲེལ་གོ་སྒྲིག་ཚོགས་ཆུང་གི་ཡན་ལག་གཉིས་ (International Preparatory Office of Sino-Tibetan Friendship) ཟུང་འབྲེལ་ཐོག་ཐེ་ཝན་ཅའོ་ཊང་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་ (National Chiao Tung University) བོད་ཀྱི་གནད་དོན་གོ་རྟོགས་སྤེལ་སླད་ཐེ་ཝན་མི་མང་ཚོར་འབྲེལ་ཡོད་མི་སྣ་འདྲ་མིན་གྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་དང་། གློག་བརྙན་བསྟན་པ། ཚོགས་འདུ་ཚོགས་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད། ཕྱི་ཟླ་ ༣ ཚེས་ ༤ ཉིན་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ཐེ་ཝན་མང་གཙོ་ཆིག་སྒྲིལ་ཚོགས་པའི་ (Democratic Solidarity Union) སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཆིང་ཌ་ (Qian Da) ལགས་གཉིས་ཀྱིས་བོད་རྒྱའི་འབྲེལ་ལམ་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བོད་མིའི་རང་སྲིད་རང་སྐྱོང་དང་རང་ཐག་རང་གཅོད་ཀྱི་བརྗོད་གཞིའི་ཐོག་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་རྒྱ་ནག་སྐོར་ཉམས་ཞིབ་པ་སྐུ་ཞབས་ཀོང་ཤི་རེན་ (Kong Shiren) ལགས་ཀྱིས་གསུང་བཤད་གནང་ཡོད། དེ་བཞིན་ཐེ་བོད་བརྗེ་ལེན་ཐེབས་རྩའི་ཚོགས་ཆུང་ (Taiwan Tibet Exchange Foundation) སྤྱི་ཁྱབ་དྲུང་གཞོན་ཟུར་པ་སྐུ་ཞབས་ཨོན་སུ་ཇེའི་ (Own Su Jie) ལགས་ཀྱིས་ནང་ཆོས་ཀྱི་འབྱུང་ཁུངས་དང་བོད་དང་རྒྱ་ནག་ལ་ནང་ཆོས་ཇི་ལྟར་དར་ཚུལ་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཅའོ་ཊང་གཙུག་ལག་སློབ་ཁང་ (Jiao Tung University) གི་སློབ་དཔོན་སྐུ་ཞབས་ཕན་མིན་ལིང་ (Pan Meiling) ལགས་དང་ཐེ་ཝན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་གཉིས་ཀྱིས་རྒྱ་གར་ནང་བཙན་བྱོལ་བོད་མིའི་འཚོ་གནས་དང་འཚོ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་རེད་འདུག ཐེ་ཝན་ཅའོ་ཊང་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ནི་ (National Chiao Tung University) ཐེ་ཝན་ནང་གཙུག་ལག་སློབ་ཁང་རྙིང་ཤོས་ཤིག་ཡིན་པ་མ་ཟད་སྙན་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། གཙུག་ལག་སློབ་ཁང་དེ་ཐོག་མར་ཕྱི་ལོ་ ༡༨༩༦ ལོར་ཧྲང་ཧའི་ (Shanghai) ནང་བཙུགས་པ་དང་ཕྱིས་སུ་ཕྱི་ལོ་ ༡༩༥༨ ལོར་ཐེ་ཝན་དུ་གནས་སྤོས་བྱས་པ་ཞིག་ཡིན་འདུག་པ་བཅས།།