༢༠༡༠ ཕྱི་ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་འཁོར་བསྒྱུར་གྱི་རྣམ་པར་རོལ་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་གྱིས་ཨ་རིའི་ཕོ་བྲང་དཀར་པོར་ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་བསྐྱངས་པ་སོགས་རླབས་ཆེན་མཛད་ཁུར་གསུམ་གྱི་ཐོག་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༧ སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་གྷ་གལ་གནམ་ཐང་དུ་ཕེབས་བསུར་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྐུ་སྒེར་དྲུང་ཆེ་བཅས་གནམ་ཐང་ནང་དུ་ཕེབས་བསུར་བཅར་ཡོད་པ་དང་། གནམ་ཐང་ཕྱིའི་ཕེབས་སྒོར་རྒྱུད་སྟོད་མཁན་ལས་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་བདེ་དོན། སློབ་གྲྭ་ཁག་གི་འགན་འཛིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་གི་མཇལ་དར་ལག་ཏུ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་དང་པོར། ཐང་སྟོང་གླུ་གར་ཚོགས་པ་ནས་བཀྲ་ཤིས་ཞོལ་པའི་མཆོད་སྤྲིན་ཕུལ་བ་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། དེ་མཚུངས་ཏ་ལོ་པུ་བཙུན་དགོན་གྱི་བཙུན་མ་རྣམས་དང་། ས་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག གྷོ་པལ་པུ་དགེ་ལས་སློབ་ཕྲུག་བཅས་ནས་ཀྱང་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གཉིས་པར། རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་རྣམས་དང་། ནོར་གླིང་གི་ལས་བྱེད་དང་མང་ཚོགས། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གསུམ་པར། ཤུག་གསེབ་བཙུན་དགོན་གྱི་བཙུན་མ་རྣམས་དང་། རྡ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག དེ་བཞིན་སློབ་ཕྲུག་བཅས་ནས་བཀྲིས་ཞོལ་པའི་འཁྲབ་སྟོན་ཕུལ་ཏེ་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་བཞི་པར། རྡ་ཤོད་ཀེན་ཊི་གཞུང་ལམ་གཡས་གཡོན་དུ། གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ་རྣམས་དང་། དགའ་གདོང་གསལ་འབྱེད་གླིང་གྲྭ་ཚང་གི་དགེ་འདུན་པ། གཞུང་ཞབས་རྣམ་པ། སྨན་རྩིས་ཁང་གི་ལས་བྱེད་རྣམ་པ། བདེ་ལེགས་སྨན་ཁང་གི་ལས་བྱེད་རྣམ་པ། ཤེས་རིག་དཔར་ཁང་གི་ལས་བྱེད་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་ལྔ་པར། ཕོ་གསར་གྷན་ཇིར་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམས་དང་། ཚེ་མཆོག་གླིང་གི་དགེ་འདུན་པ། བཙུན་དགོན་དགའ་ལྡན་ཆོས་གླིང་གི་བཙུན་མ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་དྲུག་པར། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམས་དང། མེག་གྷན་ཁུལ་གནས་མི་མང་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་བདུན་པར། རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་རྣམས་དང་། ཁུལ་དེའི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཕོ་བྲང་གི་གཟིམ་སྒོའི་ཕྱིར་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེས་དབུས་དགེ་འདུན་ཡོངས་ནས་ཕེབས་ལམ་དུ་སེར་སྦྲེངས་དང་། བོད་གཞུང་ཟློས་གར་ཚོགས་པས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང་། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་ཏེ་ཕོ་བྲང་གི་གཟིམ་སྒོའི་ནང་ཕེབས་བསུ་གཟབ་རྒྱས་ཞུས། ཕོ་བྲང་གི་གཟིམ་སྒོའི་ནང་བཀའ་ཁྲི་མཆོག་དང་། ཆོས་རིག་བཀའ་བློན་མཆོག་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་གནས་བསྡུས་སུ།།