༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཨ་རིའི་རྒྱལ་ས་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ (New York-based human rights watchdog) རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཉེས་མེད་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུུལ་ཞུས་ཡོད། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཨེ་ཤི་ཡའི་འཛིན་སྐྱོང་གཙོ་འཛིན་ལྕམ་སྐུ་སོ་ཕི་ཡ་རི་ཆཌ་སན་ལགས་ (Sophie Rechardson) ཀྱིས་གསུངས་དོན། ཕྱི་ལོ་ ༢༠༠༨ ལོའི་དུས་དྲན་ཐེངས་གཉིས་པའི་སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་ཉེས་མེད་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཚོའི་མངོན་འདོད་ལྟར་་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས། བོད་མི་ཚོར་དྲག་གནོན་ཇི་ཙམ་བྱས་པ་དེས་རྒྱ་ནག་གཞུང་གིས་འཇིགས་སྣང་བྱ་རྒྱུའི་སྤྱི་ཚོགས་བརྟན་ལྷིང་མེད་དེ་ཞིག་ཡོང་རྒྱུ་རེད།བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་རྒྱུ་དང་། བོད་མི་ཚོར་གཞི་རྩའི་་བརྗོད་རང་དབང་དང་། འདུ་འཛོམས་བྱ་རྒྱུའི་རང་དབང་དེ་དག་སྤྲོད་རྒྱུ་ནི་པེ་ཅིང་གཞུང་གི་རེ་འདུན་ལྟར་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུའི་ཐབས་ལམ་ཁོ་ན་ཡིན་ཞེས་བརྗོད་ཡོད། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་ནི་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དང་རིག་གཞུང་རྒྱུན་འཛིན་ལག་བསྟར་བྱ་རྒྱུར་དམ་བསྒྲགས་བཀག་སྡོམ་བྱས་པ་དང་། བཙན་དབང་འོག་བོད་མི་ཞིང་འབྲོག་རྣམས་ཀྱི་གནས་གཞི་ཁག་བསྐྱར་འཛུགས་བྱེད་བཅུག་པ་སོགས་ལས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད། རྒྱ་ནག་གཞུང་གིས་བཏོན་པའི་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་དང་ཁྲིམས་ཆད་ཕོག་པའི་བོད་མི་རྣམས་ཀྱི་སྙན་ཐོ་ཡིག་ཆ་ཞིག་ཕྱི་ལོ་ ༢༠༠༩ ལོར་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་ཞིབ་ཕྲ་བཏོན་ཡོད།རྒྱ་ནག་གཞུང་གིས་བཏོན་པའི་ཡིག་ཆ་དེའི་ནང་བོད་མི་སྟོང་ཕྲག་མང་པོ་ཉེས་མེད་འཛིན་བཟུང་བྱས་པ་དང་ཁྲིམས་ལ་སྦྱར་ཡོད། སྐབས་དེ་ནས་ད་བར་འཛིན་བཟུང་བྱས་པའི་བོོད་མི་དེ་དག་གློད་བཀྲོལ་བཏང་ཡོད་མེད་དང་། ཉེས་པ་ཆག་ཡང་བཏང་ཡོད་མེད། ད་དུང་བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རྣམས་ཀྱི་སྐོར་གསལ་བཤད་གང་ཡང་བྱུང་མེད། དེ་ཡང་ལྕམ་སྐུ་སོ་ཕི་ཡ་ལགས་ཀྱིས་གསུངས་དོན། ཕྱི་ལོ་ ༢༠༠༩ ཟླ་ ༣ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ནཱ་བ་ནི་ཐམ་པིལ་ལེས་ (Navanethem Pillay) མཆོག་གིས་བོད་དང་ཤིང་ཅང་ (Xinjiang) གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དེ་དག་གི་ཐོབ་ཐང་ལ་བརྩི་བཀུར་ཞུ་མ་ཐུབ་པར་མི་རིགས་དབྱེ་འབྱེད་བྱས་པའི་ཉེར་ལེན་ལས་བྱུང་བ་ཞིག་ཡིན་པ་བརྗོད་ཡོད། གལ་ཏེ་རྒྱ་ནག་ནང་བོད་མི་རྣམས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཚེ་རྒྱ་ནག་གཞུང་ལ་བོད་མི་འཛིན་བཟུང་བྱས་པའི་འགན་འཁྲི་ཡོད། ཅེས་གསུངས་ཡོད།།