༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །སོ་ལོ་ཝཀ་སྤྱི་མཐུན་རྒྱལ་ཡོངས་ལྷན་ཚོགས་ (National Council of the Slovak Republic) ནང་ཡོད་པའི་གྲོས་ཚོགས་འཐུས་མིས་བོད་ཀྱི་གྲོགས་པོ་ (Friends of Tibet) ཞེས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད། སོ་ལོ་ཝཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་བསམ་བློ་དེ་༸གོང་ས་མཆོག་སོ་ལོ་ཝཀ་རྒྱལ་ས་བར་ཏི་སི་ལ་བའི་ནང་རྟེན་གཞི་བྱས་པའི་ཇན་ལང་གོ་སི་ཚོགས་པའི་ (Jan Langos Foundation in Bratislava) འཛིན་སྐྱོང་ཚོགས་མི་རྣམས་དང་མཇལ་འཕྲད་སྐབས་བྱུང་བ་ཞིག་ཡིན། ཇན་ལང་གོ་སི་ཚོགས་པས་སྔ་ལོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་བདེ་ཐབས་དང་བོད་ལ་རང་དབང་ཡོང་སླད་སྐུ་ངལ་འཛེམས་མེད་ཐོག་ཐུགས་བརྩོན་མཛད་པར་རྒྱབ་སྐྱོར་མཚོན་ཆེད་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད། སོ་ལོ་ཝཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་ཀྱི་གྲོགས་པོ་ཞེས་པ་དེ་གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༩ ཉིན་གསར་འཛུགས་གནང་ཡོད། ཚོགས་པ་དེས་གྲོས་ཚོགས་འཐུས་མི་དང་མང་ཚོགས་ལ་གཞུང་འབྲེལ་མིན་པའི་གླེང་སྟེགས་ཐོག་བོད་ནང་གི་ད་ལྟའི་གནས་སྟངས་ཇི་འདྲ་འབྱུང་བཞིན་ཡོད་སྐོར་གྱི་གནས་ཚུལ་རྣམས་གོ་རྟོགས་སྤེལ་རྒྱུ་དེ་ཡིན་འདུག དེ་ཡང་ཚོགས་པའི་བསྒྲགས་གཏམ་ནང་འཁོད་དོན། བོད་ཀྱི་གྲོགས་པོ་ཞེས་པའི་སོ་ལོ་ཝཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་འདྲ་འཛུགས་དགོས་པའི་དམིགས་ཡུལ་ནི་བོད་མི་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་ཆེད་ཡིན། ང་ཚོས་སོ་ལོ་ཝཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་གལ་ཆེ་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་བོད་ཐེ་བའི་རྒྱ་ནག་གི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ལ་རྩོད་ལེན་བྱེད་ཀྱི་མེད། ཅེས་འཁོད་ཡོད། དེ་བཞིན་བསྒྲགས་གཏམ་དེའི་ནང་འཁོད་དོན། ཕྱོགས་གཞན་ཞིག་ལ་ང་ཚོས་རིན་ཐང་ཇི་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་གསལ་པོ་ཤེས་ཀྱི་ཡོད། ང་ཚོས་རྒྱབ་སྐྱོར་ཞུ་རྒྱུའི་རིན་ཐང་དེ་ང་ཚོ་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་དོ་མཉམ་པ་ཞིག་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་ངོ་བོ་ལྡན་པ་ཞིག་ཡིན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རྣམ་དཔྱོད་རང་དབང་། ཁྲིམས་མཐུན་གྱི་རྒྱལ་ཁབ་སོགས་ཀྱི་རིན་ཐང་ལ་དོ་སྣང་དང་བརྩི་བཀུར་ཞུ་རྒྱུའི་ཆོད་སེམས་དེ་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་ཁ་བྲལ་གཏོང་ཐབས་མེད་པ་ཞིག་རེད། སོ་ལོ་ཝཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་ཀྱི་གྲོགས་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་ཡང་དག་པའི་གྲོས་མོལ་གནང་བ་བརྒྱུད་བོད་ཀྱི་གནད་དོན་ཞི་བའི་ཐོག་སེལ་རྒྱུ་དང་། བོད་ཀྱི་མི་རིགས་ཚད་ལྡན་རྣམས་རྒྱ་མི་རིགས་ཀྱི་ནང་ད་དུང་སིམས་འཇུག་བྱ་རྒྱུ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། བོད་ཀྱི་གྲོགས་པོ་ཞེས་པའི་སོ་ལོ་ཝཀ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་སོ་ལོ་ཝཀ་རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་སྒེའུ་ཁུང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་བཅས།།