༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༦ ནས་ ༢༨ ཉིན་གསུམ་རིང་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲྭ་བའི་ཨེ་ཤི་ཡའི་མངའ་ཁུལ་གྱི་ཚོགས་འདུ་ (International Tibet Support Network) ཞིག་ཚོགས་ཡོད། དེ་ཡང་ཚོགས་འདུ་ཉིན་དང་པོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག ཕྱི་འབྲེལ་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤཱ་ལགས། དེ་བཞིན་རྒྱལ་ཁབ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་མཉམ་ཞུགས་ཀྱིས་ལྷན་འཛོམས་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབང་འཛིན་པའི་དབར་ད་ཡོད་འབྲེལ་ལམ་གྱི་གནས་བབ་ཇི་ཡིན་སྐོར་གསུང་བཤད་གནང་དོན།
ཐོག་མར་ང་རང་རྡ་སར་གནས་སྡོད་བྱེད་མཁན་ཞིག་དང་བཙན་བོད་གཞུང་གི་བཀའ་བློན་ཁྲི་པ་ཞིག་ཡིན་པའི་ཆ་ནས་ཚང་མར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་ང་ཚོའི་ལས་དོན་བྱེད་ཕྱོགས་དེ་དག་ཕྱི་གསལ་ནང་གསལ་ཡིན་སྟབས་རྣམ་པ་ཚོས་མཁྱེན་གསལ་རེད། དེར་བརྟེན་ངས་གནས་ཚུལ་འཕར་མ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་ངོས་ལ་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དཔོན་རིགས་དབར་ད་ཡོད་འབྲེལ་ལམ་ཇི་ཡིན་སྐོར་སྐད་ཆ་ཤོད་དགོས་གསུངས་པ་ལྟར་རྣམ་པ་ཚོར་དྲན་གསོ་ལྟ་བུ་ཚིག་འགའ་ཤས་ཞུ་རྒྱུ་ཡིན། གྲུབ་འབྲས་ཇི་ཡོང་ལ་མ་ལྟོས་པར་རྒྱ་ནག་དཔོན་རིགས་ཚོ་དང་འབྲེལ་མོལ་གྱི་བརྒྱུད་རིམ་དེ་ང་ཚོས་ཧ་ཅང་གལ་ཆེ་ཞིག་དང་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
དེར་བརྟེན་ང་ཚོས་ལྷག་སམ་རྣམ་དག་ཐོག་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་འབྲེལ་མོལ་རྒྱུན་འཁྱོང་བྱེད་རྒྱུ་ཡིན་ཞེས་གསུངས་པ་དང་། དེ་བཞིན་བཀའ་ཁྲི་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་གསུང་དོན། ཉེ་ལམ་བོད་ཀྱི་གཞུང་མོལ་ཚོགས་འདུ་ཐེངས་ལྔ་པ་ཚོགས་སྐབས་རྒྱ་ནག་དཔོན་རིགས་ཚོས་བོད་ནང་ད་དུང་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་ལྷག་ཡོད་པ་ངོས་ལེན་གནང་ཡོད་པ་མ་ཟད། སྔར་དང་མི་འདྲ་བར་ཚོགས་འདུ་དེའི་སྐབས་བོད་ཀྱི་ས་ཁུལ་ཡོངས་ནས་སྐུ་ཚབ་འཐུས་མི་ཡང་མཉམ་ཞུགས་བྱེད་བཅུག་ཡོད་ཅེས་གསུངས་པ་དང་ཡང་བཀའ་ཁྲི་མཆོག་གིས་གསུངས་གསལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རང་དབང་ཅན་དང་དྭང་བླངས་སྡེ་ཚན་ཞིག་ཡིན། བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ནམ་ཡང་ཐེ་བྱུས་དང་ལམ་སྟོན་གནང་གི་མེད་ཅེས་དང་། ལྷག་པར་བཀའ་ཁྲི་མཆོག་གིས་༸གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ང་ཚོའི་སྐྱབས་བཞི་པ་དེ་ཡིན་ཞེས་བཀའ་སྩལ་ཡོད་སྐོར་གསུངས་པ་དང་སྦྲགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་བོད་ཀྱི་ལས་འགུལ་དེ་རྒྱུན་གནས་ཐུབ་ཡོད་སྐོར་གསུངས་པ་དང་ཆབས་གཅིག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད། དེ་བཞིན་བཀའ་ཁྲི་མཆོག་གིས་ཉེ་ལམ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་གནོན་ཤུགས་འོག་ནུབ་ཕྱོགས་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་བཞིན་པར་བརྟེན། བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གི་གནོན་ཤུགས་དེ་དག་འཚེ་བ་མེད་པ་ཙམ་མིན་པར་ཆོད་སེམས་བརྟན་པོའི་ཐོག་གདོང་ལེན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཚེ་བོད་ཀྱི་ལས་འགུལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་གནས་གང་སར་ཆིབས་སྒྱུར་བསྐྱང་རྒྱུར་སྐུ་ངལ་འཕྲད་རྒྱུའི་གནས་སྟངས་ཆགས་མི་སྲིད་པ་མིན་སྐོར་གསུངས་ཡོད་ལ།དེ་བཞིན་ལོ་ལྔ་བཅུ་ང་གཅིག་ཙམ་ཕྱིན་ནའང་བོད་ཀྱི་གནད་དོན་དེ་སེལ་མ་ཐུབ་པར་བོད་དོན་རྒྱབ་སྐྱོར་བ་ཚོས་སེམས་ལ་དངངས་འཚབ་མ་གནང་བའི་ཐོག་བོད་དོན་ལས་འགུལ་དེ་རྒྱུན་འཁྱོང་ཐུབ་རྒྱུར་ཐབས་ལམ་ཇི་འདྲ་འཚོལ་དགོས་མིན་དང་མི་རབས་གསར་པ་ཚོར་ལས་འགུལ་དེ་རྩིས་སྤྲོད་ཇི་ལྟར་གནང་དགོས་མིན་ཐོག་བསམ་བློ་གཏོང་དགོས་སྐོར་གསུངས་ཡོད། བཀའ་ཁྲི་མཆོག་གིས་མཐའ་སྡོམ་གསུང་དོན། ད་བར་བོད་དོན་རྒྱབ་སྐྱོར་ཐོབ་པ་རྣམས་མང་ཚོགས་ཀྱིས་བོད་མི་ཚོར་བྱམས་སྙིང་རྗེ་དང་དྲང་བདེན་ལ་གཞི་བཅོལ་ནས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པ་དང་། ད་ཆ་དེ་ཙམ་གྱི་མི་ཆོག་པར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་ཆ་ཤས་ཀྱི་ངོ་བོར་འགྱུར་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད། ཐེངས་འདི་ཚོགས་འདུར་ཐེ་ན་དང་ཀེན་ཡ། བྷང་གྷ་ལ་ཌེ་ཤི། ཉིེ་ཧོང་། རྒྱ་གར། ལྷོ་ཀོ་རི་ཡ། ཨ་རི། ཨོ་སི་ཊོ་ལི་ཡ། ཧོང་ཀོང་། དབྱིན་ཡུལ། ཕ་རན་སི་བཅས་བོད་དོན་རྒྱབ་སྐྱོར་གྱི་འཐུས་མི་གྲངས་ ༥༢ ཙམ་ནས་མཉམ་ཞུགས་གནང་ཡོད། ད་ལྟའི་ཆར་རྒྱལ་ཁབ་ ༥༠ ཙམ་གྱི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲྭ་བ་ (ITSN) ཞེས་པའི་ཚོགས་པ་གྲངས་ ༡༧༠ ཙམ་ཡོད།