༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༥ ཉིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་དབུས་སྨན་རྩིས་ཁང་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་རྡ་ས་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཉིན་གསུམ་རིང་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་དང་། དབུས་སྨན་རྩིས་ཁང་གི་ངེས་སྟོན་པ་ཟླ་བ་ལགས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ལགས་དང་ཚོགས་གཞོན་ཉི་མ་ཚེ་རིང་ལགས་ཀྱི་གཙོས་སྨན་རྩིས་ཁང་གི་སྐུ་ཞབས་བླ་སྨན་དང་སྨན་པ་རྣམ་པ། དབུས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་རྣམ་པ། དེ་བཞིན་གསོ་རིག་སློབ་གཉེར་བ་བཅས་མི་གྲངས་ ༡༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་གཡུ་ཐོག་གསོལ་འདེབས་འདོན་མུར་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསོ་དཔྱད་གཟེངས་སུ་ཐོན་པར་གཡུ་ཐོག་གཟེངས་རྟགས་དང་པོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པ་དེ་སྨན་རྩིས་ཁང་གི་ངེས་སྟོན་པ་ཟླ་བ་ལགས་ནས་སྐུ་ཚབ་ཞུས་ཏེ་བཞེས་ཡོད། དེ་བཞིན་གཟེངས་རྟགས་གཉིས་པ་དེ་སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་ལགས་སུ་ཕུལ་བ་འདི་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་མཆོག་ནས་དམ་པ་ཁོང་གི་ཚབ་ཞུས་ཏེ་བཞེས་ཡོད་པ་རེད། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་སྦྱོར་ཚད་ལྡན་རྩ་འཛིན་གྱི་སྒྲིག་གཞི་ཞེས་པའི་དཔེ་དེབ་གཅིག་དབུ་འབྱེད་གནང་། དེ་ནས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་སྨན་རྩིས་ཁང་གི་ངེས་སྟོན་པ་ཚན་རིག་པར་མ་བརྙེས་པའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་དེ་དག་དང་ཁྱད་ཆོས་ངོ་བོ་མི་ཉམས་རྒྱུན་འཛིན་དགོས་པའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཚོགས་བཅར་བ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཆབས་ཅིག་ཚིག་ཁ་ཤས་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་། སྐབས་སུ་བབ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཡུ་ཐོག་གཟེངས་རྟགས་ཐོག་མ་འདི་གང་སྐུའི་བཀའ་དྲིན་གསབ་པའི་ཆེད་དུ་འབུལ་ལམ་ཞུས་ཡོད་པ་ནི། རྣམ་པ་ཚོ་ཡིན་ནའང་སྐལ་བ་བཟང་པོ་རེད་ལ་ང་རང་ཡིན་ནའང་རྗེས་སུ་ཡི་རང་དང་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་།
དེ་བཞིན་གཟེངས་རྟགས་གཉིས་པ་འདི་སྐུའི་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་ལགས་སུ་འབུལ་རྒྱུ་དེའང་ཧ་ཅང་འོས་ཤིང་འཚམས་པ་ཡིན་པར་བརྟེན་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་དང།འབྲེལ། ང་ཚོའི་གསོ་རིག་བསྟན་པའི་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་གང་འདྲ་ཡོང་ཐུབ་བམ། གསོ་རིག་ལམ་ནས་བོད་ཀྱི་ཐུན་མིན་ཆོས་དང་། རིག་གཞུང། ལྷག་པར་དུ་གསོ་བ་རིག་པའི་ཉམས་ལེན་དེ་དག་རྒྱུན་འཛིན་དང་འཛམ་བུ་གླིང་དུ་དར་སྤེལ་གང་འདྲ་འགྲོ་ཐུབ་བམ། དེ་ཚོ་དགོངས་པར་བཞག་སྟེ་ཉིན་གསུམ་རིང་བགྲོ་གླེང་ཡོང་བ་ཞུ་རྒྱུ་སོགས་དང་། ཡང་ཁོང་གིས་གསུང་དོན། ནད་ཀྱི་མནར་བའི་གང་ཟག་ཚོར་བརྟག་དཔྱད་དང་སྨན་སྦྱོར་དེ་དག་ཐུན་མིན་གྱི་དེང་རབས་ཚན་རིག་ཐོག་ནས་བོད་སྨན་གྱི་ནུས་པ་ར་འཕྲོད་ཐུབ་པ་ཞིག་བྱུང་ན། གསོ་རིག་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་རྩ་དོན་ཐོག་ལའང་ཕན་རླབས་ཆེ་བ་འཇོག་ཐུབ་ཀྱི་རེད་སྙམ་གྱི་ཡོད། ང་ཚོའི་ཛ་དྲག་གི་གནས་སྐབས་འདིར་གསོ་རིག་ལམ་ནས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུའི་ཆ་རྐྱེན་དང་ནུས་པ་ཡོད་པ་ཞིག་ཚན་རིག་ལམ་ནས་ཁུངས་སྐྱེལ་ཐུབ་པ་ཡིན་ན། བོད་མི་རིགས་ཀྱི་ཁྱད་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་ཚད་ལྡན་ཞིག་ཡོང་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་སྨན་པ་ཚེ་རིང་ནོར་བུ་ལགས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཐེངས་འདིའི་བགྲོ་གླེང་ཉིན་གསུམ་རིང་གི་སྨན་རམས་པ་མི་སྣ་བདུན་གྱིས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་དང་། མཆིན་ནད་དུག་ཐབས། གཅིན་སྙིའི་ནད་གཞི། ཁྱབ་ཆེ་བའི་ནད་རིགས་སྔོན་འགོག གསོ་རིག་ངོས་ལེན་གནས་བབས། སྨན་སྦྱོར་རིག་པ། གསོ་རིག་དང་རྩིས་རིག་པའི་འབྲེལ་བ་སོགས་ཀྱི་བརྗོད་གཞི་ཁག་གི་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ཉིན་མཐའ་མར་འོས་ཐོན་གསལ་བསྒྲགས་དང་འབྲེལ་ཚོགས་གཙོ། ཚོགས་གཞོན། དྲུང་ཆེ་སོགས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིོ་འོས་འདེམས་ཀྱིས་ཚོགས་མི་གསར་རྙིང་མཇལ་དར་སྒྲོན་འབུལ་ཞུ་རྒྱུ་ཡིན་འདུག