༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ ཉིན་ཇར་མན་ (Germany) གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བའི་ཐོག་ཚོགས་འདུ་ཐེངས་དང་པོ་དེ། ཇར་མན་གྱི་གྲོང་ཁྱེར་སྦར་ལིན་ (Berlin) ནང་རྟེན་གཞི་བྱས་པའི་ཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཚོགས་ཡོད། སྐབས་དེར་སུད་སི་ (Swiss) བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུུབ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མཚན་ཐོག་ནས་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཕྱག་བྲིས་ཤིག་བཏང་གནང་ཡོད་པ་དེ་ཕུལ་བ་བརྒྱུད་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཁོང་རྣམས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་གཞུང་འབྲེལ་མཛད་སྒོའི་དུས་དྲན་སྲུང་བརྩི་ཞུ་སྐབས་སྐུ་མགྲོན་དུ་གདན་ཞུ་ཡང་ཕུལ་ཡོད།
བོད་གཞུང་སྐུ་ཚབ་དོན་གཅོད་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་འབོད་སྐུལ་འོག་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་ཐུབ་པ་བྱུང་ཡོད། ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བ་དེའི་ནང་། སྔར་དང་མི་འདྲ་བར་ཇར་མན་གྲོས་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་བཞི་ཡོད་པ་ཚང་མའི་གྲོས་ཚོགས་ཀྱི་འཐུས་མི་ཡོད་པ་རེད། ཆབ་སྲིད་ཀྱི་ཚོགས་པ་བཞི་པོ་ནི། ཡེ་ཤུའི་མང་གཙོ་ཚོགས་པ། (Christian Democratic Party) རང་དབང་མང་གཙོ་ཚོགས་པ། (Free Democratic Party) སྤྱི་ཚོགས་མང་གཙོ་ཚོགས་པ། (Social Democratic Party) ལྗང་ཁུ་ཚོགས་པ། (Green Party) བཅས་ཡིན། ལྷན་ཚོགས་དེའི་སྐབས་ཇར་མན་གྲོས་ཚོགས་ཀྱི་འཐུས་མི་དྲུག་མཉམ་བཞུགས་གནང་ཡོད། སྐབས་དེར་ཇར་མན་གྲོས་ཚོགས་ནང་སྔོན་རྩིས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་པར་བརྟེན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཐེངས་དང་པོར་གྲོས་ཚོགས་ཀྱི་འཐུས་མི་དེ་ཙམ་མང་པོ་ཚོགས་བཅར་ཞུ་ཐུབ་མེད་ནའང་། ཁོང་རྣམ་པའི་སྐུ་ཚབ་བཏང་ཡོད་པ་བཅས།།