༢༠༡༠ ཕྱི་ཟླ་ ༣ ཚེས་ ༢ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བགེགས་བར་གྱི་ཆ་ཕྲ་མོ་ཙམ་ཡང་མི་བཞེས་པར་སྐུ་ཁམས་ཆོས་མཐུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་ཆེད་ལུང་དོན་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་གྲྭ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག བླ་སྤྲུལ་སོགས་ནས་སྐུ་ཚེའི་ཚེ་སྒྲུབ་ཉིན་བདུན་གནང་བ་སྔོན་དུ་སོང་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་ལ་བོད་གཞུང་མང་ཡོངས་ཀྱིས་ཚེ་དཔག་མེད་ནང་སྒྲུབ་འཆི་མེད་ལྷ་ལྔའི་སྒོ་ནས་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་བཤམས་ཐོག་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་ཚེས་ ༢ ཉིན་གྱི་བརྟན་བཞུགས་དངོས་གཞི་སྔ་དྲོ་ཆུ་ཚོད་ ༦ ཐོག་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གནང་བ་དང་། དེ་རྗེས་ཆུ་ཚོད་ ༨།༠༠ ཙམ་ལ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ཀྱིས་སྤོས་སྣེས་སྔོན་བསུས་དང། སྐུ་བཅར་རྣམ་གྲྭའི་དགེ་འདུན་པས་སེར་སྦྲེངས་དང་དུང་རྒྱ་སོགས་ཀྱིས་སྔོན་བསུས་པ་དང་ཕྱོགས་མཚུངས་བོད་གཞུང་ཟློས་གར་གྱིས་ཕེབས་བརྡའི་རོལ་ཆ་གཏོང་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་དབུ་བཞུགས་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་མཆོག་གིས་མཇར་དར་རྐྱང་འབུལ་དང་སྦྲགས་འདུས་ཚོགས་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་སྐུལ་སོགས་ཆོས་སྤྱོད་ཁག་གསུང་སྐབས་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་རྗེས་ཐོག་མར་བསུན་ཟློག་གི་ཆོ་ག་རོལ་མོ་བྱིན་འབེབས་དང་མཁའ་འགྲོ་མ་རྣམས་ནས་ཕྱོགས་སོ་སོའི་དབྱངས་འཐེན་གྱིས་རོལ་མོ་གར་སྟབས་དང་བཅས་བཞུགས་ཁྲི་རིན་པོ་ཆེའི་མདུན་དུ་འཁོད་དེ་དར་སྣེ་བཟུང་། དེ་ནས་དབུ་བཞུགས་མཆོག་སྐུ་བཞེངས་ཐོག་དབུ་ཞྭ་བཞེས་ཏེ་དར་སྣེ་གཅོད་འབྲེག་གིས་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད་རྗེས་ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས།
བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་ནས་མཐར་ཆགས་སུ་འདོན་ཏེ་གསོལ་འདེབས་མཎྜལ་རྒྱས་པའི་རྗེས་གནས་དགའ་དང་བརྟན་མ་སྤྱན་དྲངས། དབུ་བཞུགས་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་བློན་ཁྲི་པ་མཆོག་རྣམ་པ་གཉིས་ནས་མཎྜལ་ཚོམ་བུ་ཟུར་བཏེགས། མཎྜལ་ལྗགས་བཤད་གྲུབ་པ་དང་དབུ་བཞུགས་མཆོག་སྐུ་བཞེངས་ཐོག་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་གསུང་ཐུགས་རྟེན་དང་བུམ་པ་ལྔ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། ཚེ་མདའ། བཀྲིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་ཕུལ་ཏེ་མཇལ་ཁ་ཞུས། དེ་ནས་ཁྲིམས་ཞིབ་པ་ཆེ་བ་དང་། ཚོགས་གཙོ། བཀའ་བློན་ཁྲི་པ་གསུམ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། དེ་རྗེས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་མཇལ་ཁ་ཞུས་རྗེས་༸རྒྱལ་བའི་ཞབས་བརྟན་དང་། བསམ་པ་ལྷུན་འགྲུབ། བར་ཆད་ལམ་སེལ་རྣམ་གསུང་མུར་གསོལ་ཇ་གཉིས་པ་དང་ཚོགས་འགྲེམས་ཞུས།
མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་བོད་ལྗོངས་ལྷ་མི་ཡོངས་ནས་དད་པ་དང་། དམ་ཚིག ལྷག་བསམ། རེ་བ། འདུན་པ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་གསོལ་འདེབས་གནང་བྱུང་། དབུ་བཞུགས་གངས་ཅན་ལྗོངས་ཀྱི་གོས་དཀར་ལྕང་ལོའི་སྡེའི་སྔགས་འཆང་གཙུག་རྒྱན་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་གནང་སྟེ་བརྟན་བཞུགས་ཆོ་ག་ཚེ་དཔག་མེད་འཆི་མེད་ལྷ་ལྔའི་སྒོ་ནས་དག་སྣང་གི་བརྟན་བཞུགས་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བར་སྐབས་བརྟན་བཞུགས་ཚར་མང་པོར་རིན་པོ་ཆེ་དབུ་བཞུགས་གནང་སྟེ་མཎྜལ་བཤད་པ་བཏོན་ཡོད། ད་རེས་རིན་པོ་ཆེར་སྐུ་རྩེད་ཞུས་ཏེ་ས་སྐྱ་བདག་ཁྲི་རིན་པོ་ཆེས་མཎྜལ་བཤད་པའི་ཁྲལ་འཁྱེར་གྱི་ཡོད།
དེ་རིང་རིན་པོ་ཆེས་ཁྲལ་ཡག་ཐག་ཆོད་སྒྲུབ་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདི་གར་དངོས་སུ་འདུས་པའི་དད་ལྡན་སེར་སྐྱ་མང་ཚོགས་དང་། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་དངོས་གནས་ལུས་པོ་གཞན་དབང་དུ་ཚུད་ཡོད་ཀྱང་། ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བོད་རང་ཉིད་ཀྱི་བདེན་པའི་ཐོབ་ཐང་ལ་གཡོ་བ་མེད་པ་བྱས་ཏེ་ལྷག་བསམ་བརྟན་པོ་གནས་ཏེ་སྡོད་མཁན་དང་། ལྷག་པར་དུ་བར་སྐབས་ཧ་ལས་པའི་དྲག་གནོན་བྱས་ཏེ་འདས་གྲོང་ཕྱིན་པ་མང་པོ་ཞིག་ཡོད། དེ་དག་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ང་ཚོ་ཚང་མས་སྨོན་ལམ་རྒྱག་རྒྱུ་དེ་གལ་ཆེན་པོ་ཡིན། དེ་དག་བོད་བསྟན་སྲིད་དོན་དུ་རང་སྲོག་དོར་བ་ཡིན་དུས་ཏན་ཏན་ལྷག་བསམ་དེའི་འབྲས་བུར་སྐྱེ་གནས་བཟང་པོ་ཞིག་ཡོང་རྒྱུར་ཕལ་ཆེར་ངེས་པ་རེད། དེ་བཞིན་རྡུང་རྡེག་དང་མནར་གཅོད་འོག་ལུས་ནད་གཅོང་དུ་གྱུར་བ་མང་པོ་ཞིག་ཡོད། དེ་དག་ནད་གཅོང་གི་སྡུག་བསྔལ་ལས་རིམ་པས་གྲོལ་ཐུབ་རྒྱུ་དང་ཚེ་རིང་པོ་གནས་ཐུབ་རྒྱུའི་སྨོན་ལམ་རྒྱག་རྒྱུ། དེ་བཞིན་དུ་ལྷག་བསམ་སྙིང་སྟོབས་བཅངས་སྡོད་མཁན་གྱི་མི་རབས་རྒན་པ་རྣམས་ད་དུང་རིང་དུ་འཚོ་རྒྱུའི་ཆེད་ཚང་མས་སྨོན་ལམ་གནང་རྒྱུ་དང་། དུས་ད་ལྟ་བར་དུ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་དངོས་གནས་ལྷག་བསམ་རྩེ་གཅིག་ཏུ་གནས་ཡོད་པར་སོང་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ང་ཚོ་ཚང་མས་ད་དུང་ཡིན་ནའང་དད་དམ་ལྷག་བསམ་གཡོ་མེད་ཐོག་གནས་རྒྱུ་གལ་ཆེན་པོ་རེད། ངོས་ཀྱིས་ནམ་རྒྱུན་དུ་འབོད་སྐུལ་བྱེད་རྒྱུ་དེ་ཤེས་ཡོན་ཐོག་ལ་དོ་སྣང་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཤེས་ཡོན་ཡོད་ན་མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོངས་སུ་རྫོགས་པ་འདོན་ཐུབ་ཀྱི་ཡོད། རྣམ་དཔྱོད་མེད་ན་ལྷག་བསམ་གཅིག་པུའི་ཐོག་ནས་ནུས་པ་ཐོན་རྒྱུ་ཁག་པོ་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་དང་ཟུང་དུ་འབྲེལ་བའི་ཐོག་ང་ཚོ་བོད་གངས་ཅན་ལྗོངས་སུ་གནའ་རབས་ནས་ཡོད་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་གྲུབ་ཧ་ཅང་ཟབ་པོ་ཞིག་ཡོད་པ་དེས་མཚོན་པའི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དེ་དག་ལ་ང་ཚོས་དོ་སྣང་བྱས་ཏེ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་ཀྱི་ཆོས་མེད་མཁན་ཞིག་ཡིན་ཡང་ལྟ་གྲུབ་དེ་ཤེས་དགོས་པ་ཡིན། སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན་རྒྱུ་མཚན་ཤེས་པའི་སྒོ་ནས་དད་པ་ཐོབ་རྒྱུ་ཞིག་བྱུང་ཚེ་དད་པ་དེ་ཧ་ཅང་བརྟན་པོ་རེད། དེ་འདྲ་ཡིན་དུས་དེང་དུས་ཀྱི་ཤེས་ཡོན་དང་། དེ་བཞིན་ང་རང་ཚོའི་ཕ་མེས་དང་སྔོན་གྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་ཚོསདཀའ་བ་དཔག་མེད་སྤྱད་ནས་བསྒྲུབས་པའི་སངས་རྒྱས་ཆོས་ཚུལ་འདི་དེ་རིང་ཁ་སང་ཧ་ལམ་འཛམ་བུ་གླིང་འདིའི་གཅེས་ནོར་རེད། ཅེས་བརྗོད་ཐུབ་པ་ཞིག་ཡིན། རང་ལ་ཕ་མེས་ནས་ཡོད་པའི་ནོར་བུ་རང་ལག་ཏུ་ཡོད་སྐབས་ངོས་ཟིན་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། བདག་པོ་བརྒྱབ་ཟེར་བ་དེ་དད་པ་གཅིག་པུའི་སྐད་ཆ་མིན། ཤེས་ཡོན་དེ་རང་གི་རྒྱུད་ལ་ཚང་བ་ཞིག་དགོས་ཀྱི་ཡོད། དེ་སྨོན་ལམ་བརྒྱབ་ནས་ཚང་གི་མེད་པར་བརྟེན་སློབ་སྦྱོང་བྱས་ཏེ་ཚང་དགོས་པ་རེད། སློབ་སྦྱོང་ཐོག་འབད་བརྩོན་བྱེད་རོགས་ཞེས་དེ་རིང་དམིགས་བསལ་འབོད་སྐུལ་ཞུས་ན་བསམ་པ་དྲན་བྱུང་། འདི་ག་རང་དབང་ལུང་པའི་ནང་ལ་ཕྱོགས་བཞིའི་ཡུལ་གྲུ་མང་པོར་ཡོད་པའི་བོད་རིགས་ཚང་མར་དེ་རིང་གོ་སྐབས་འདི་བཟུང་སྟེ་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་རང་དབང་ལུང་པའི་ནང་བསྡད་དེ་གོ་སྐབས་བཟང་པོ་ཡོད་པ་དེ་ཆུད་ཟོས་སུ་མ་སོང་བར་རང་གི་དོན་དག་ངེས་པར་དུ་སྒྲུབ་དགོས་ཀྱི་རེད། རང་དོན་རང་གཅེས་བྱས་ཏེ་སྒྲུབ་དགོས་པ་ཡིན། རང་གི་ལུས་འདི་བོད་མིའི་ཤ་ཁྲག་ལས་བསྒྲུབས་པའི་ལུས་ཤིག་ཡིན་དུས་ཇི་སྲིད་ལུས་འདི་མ་དོར་བར་དུ་བོད་སྤྱི་དོན་འགན་ཁུར་དེ་འཁྲི་ཡོད། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་རེ་བའི་མིག་འབུར་གཏོད་བཞིན་ཡོད་པ་དེ་ཤེས་པ་བྱས་ནས་རང་ཉིད་ས་ཕྱོགས་གང་དུ་གནས་ཡོད་ན་ཡང་། བོད་སྤྱི་པའི་བདེ་དོན་དེ་སེམས་ནས་མ་བརྗེད་པར་བྱས་ཏེ། སྐབས་བབ་སོ་སོས་ཐབས་ཤེས་གཏོང་ཐུབ་པ་དེ་དག་ཧུར་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། བཀྲིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།
དེ་རྗེས་གཏང་རག་མཎྜལ་གཞུང་མང་སྐུ་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་འདེགས་འབུལ་དང་མཇལ་ཁ་ཞུས་ཏེ་ཁྲིམས་ཞིབ་པ་དང་། སྤྱི་འཐུས་ཚོགས་གཞོན། བཀའ་བློན་རྣམ་པ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག རང་དབང་ཅན་གྱི་འགན་འཛིན་རྣམ་པ་བཅས་ལ་མཇལ་ཁ་སྩལ། དེ་ནས་དབུ་བཞུགས་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སྐུ་བཞེངས་ཐོག་དགའ་སྟོན་གྱི་མཆོད་པ་རྣམས་ཚིག་བསྟུན་གྱི་ཕྱག་ཏུ་ཕུལ་རྗེས་ཞལ་འདོན་འཆར་ཁ་མ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་བདེན་པའི་རྔ་སྒྲ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུངས་ཏེ་མཐར་ཀ་ཁྲི་སྒྲོགས། དེ་ནས་བདེན་ཚིག་སྨོན་ལམ་གསུངས་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་དངོས་གཞི་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་ཡང་སྟེང་ནས་ཕོ་བྲང་གི་གཟིམ་ཆུང་དུ་སྤྱ་རྒྱ་སྤོས་སྣེས་གདན་འདྲེན་ཞུས། དེ་རྗེས་ཕོ་བྲང་གི་ཚོམས་ཆེན་དུ་བཀའ་བློན་ཁྲི་པས་གཙོས་བཀའ་བློན་དང་སྲི་ཞུ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཉིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། དེ་བཞིན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༥༠༠ བརྒལ་བཅར་ཡོད་པ་བཅས་སོ།