༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཅ་ནཀ་ཀྱ་པུ་རི་ (Chanakyapuri) ཁུལ་དུ་རྒྱ་གར་དང་རྒྱལ་སྤྱིའི་ཕྱི་སྲིད་ལས་དོན་དང་འབྲེལ་བའི་མི་སྣ་ཁག་གཅིག་ལ་འཚེ་མེད་ཞི་བ་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་སྐོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་ཡོད། དེ་ཡང་རྒྱ་གར་གྱི་གཞུང་འབྲེལ་མི་སྣའི་ཕྱི་སྲིད་ལས་དོན་ཚོགས་པ་ Indian Diplomat དང་ཝི་ཝེཀ་ནན་ཌ་ (Vivekananda International Foundation) རྒྱལ་སྤྱིའི་ཐེབས་རྩ་ཐུན་མོང་ནས་གསོལ་འདེབས་ཞུས་དོན་ལྟར་དེ་ཉིན་སྔ་དྲོ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཝི་ཝེ་ཀ་ནན་ཌ་རྒྱལ་སྤྱིའི་ཐེབས་རྩའི་ཚོགས་ཁང་དུ་མི་གྲངས་ཉིས་བརྒྱ་བརྒལ་བ་འདུ་འཛོམས་ཀྱི་ཐོག་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧཱ་རུ་ (Nehru) མཆོག་དང་ལྷན་ཐོག་མར་མཇལ་འཕྲད་སྐབས་དང་། དེ་བཞིན་རྒྱ་གར་དུ་ཕྱི་ལོ་ ༡༩༥༦ ལོར་སྟོན་པའི་མྱ་ངན་འདས་ཏེ་ལོ་ ༢༥༠༠ འཁོར་བའི་མཛད་སྒོར་་ཆིབས་སྒྱུར་སྐབས་ཀྱི་ཐུགས་ཚོར་ཇི་བྱུང་ངོ་སྤྲོད་དང་འབྲེལ་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་བ་དང་། ཆོས་ལུགས་མཐུན་སྒྲིལ་གཉིས་ནི་དེང་དུས་འཛམ་གླིང་ནང་དངོས་ཡོད་ཀྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྐོར་དང་། དེར་བརྟེན་རྒྱ་གར་ལ་འཛམ་གླིང་གཞན་གྱི་ཆོས་ལུགས་ཕན་ཚུན་མཉམ་གནས་ཐུབ་རྒྱུ་དང་། རྩོད་རྙོག་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཡོང་བའི་ལམ་སྟོན་བྱ་རྒྱུའི་ནུས་པ་དེ་ཡོད་ཅེས་བཀའ་སློབ་ཟབ་མོ་སྩལ་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མུ་འཐུད་བཀའ་ཕེབས་དོན། ངོས་རང་སྒེར་གྱི་ངོས་ནས་ཀྱང་ས་གནས་གང་དུ་ཕྱིན་ཡང་འཚེ་མེད་ཞི་བ་ནི་བྱ་བ་ཞིག་ཡིན་པ་དང་། བྱ་བ་དེ་ཡང་ཀུན་སློང་གིས་ཡོང་གི་ཡོད་དུས་ཀུན་སློང་དེ་སྙིང་རྗེ་ལྡན་པ་ཞིག་དགོས་ཀྱི་ཡོད་པའི་སྐད་ཆ་ཤོད་ཀྱི་ཡོད། སྤྱིར་བཏང་མི་གཞན་གྱི་བསམ་ཚུལ་ལ་གུས་བརྩི་ཞུ་རྒྱུ་ནི་འཚེ་མེད་ཞི་བའི་གཞི་རྩ་ཞིག་ཡིན་དུས་སྙིང་རྗེ་དང་བྱམས་པ་བཅས་རང་ཤུགས་ཀྱི་སླེབས་ནས་བཟོད་བསྲན་གྱི་རྣམ་པ་དེ་རང་བཞིན་ཡོང་གི་ཡོད།
དེ་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་རྩ་བ་ནས་མ་རེད། དེ་དག་ནི་འཇིག་རྟེན་ཡོངས་ལ་དགོས་པ་ཞིག་དང་། ཚན་རིག་གི་ཐོག་ནས་ར་སྤྲོད་བྱུང་བ་ཞིག་ཀྱང་རེད། སྤྱིར་བྱམས་པ་དང་སྙིང་རྗེ་ནི་ཆོས་དང་འབྲེལ་བ་དགོས་པ་ཞིག་ཡོང་དགོས་ཀྱི་མེད་པར་སྤྱི་ཡོངས་ཀྱི་འཇིག་རྟེན་དང་འབྲེལ་བ་ཡོད་པ་ཞིག་རེད། ཅེས་བཀའ་སློབ་སྩལ། མགོན་པོ་གང་ཉིད་མཆོག་གིས་ད་དུང་རྒྱ་གར་ལ་ཤིན་ཏུ་ཕྱུག་པའི་ཆོས་ཕྱོགས་ཀྱི་བཟང་པོའི་ཡོན་ཏན་མང་པོ་ཞིག་ཡོད་པ་དེ་དག་ཕྱིའི་འཛམ་གླིང་ནང་འཕེལ་རྒྱས་གཏོང་ཐབས་གནང་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་དོན། ངོས་ལ་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ནི་རྒྱལ་ཁབ་མང་པོ་ཞིག་གི་ནང་རྒྱ་ནག་གི་གྲོང་སྡེ་ (China Town) ཞེས་པ་དེ་འདྲ་མང་པོ་མཐོང་རྒྱུ་འདུག འོན་ཀྱང་རྒྱ་གར་གྱི་གྲོང་སྡེ་ (India Town) ཞེས་རྩ་བ་ནས་ཐོས་མྱོང་མེད། རྒྱུ་མཚན་གང་ཡིན་མི་ཤེས། དངོས་གནས་བྱས་ན་རྒྱ་གར་ལ་ཆོས་དང་རིག་གཞུང་གཉིས་ཀའི་ཐོག་ནས་ནུས་པ་ཤུགས་ཆེ་བ་ཡོད་དུས་རྒྱ་གར་གྱི་གྲོང་སྡེ་ཞེས་པ་དེ་འདྲ་གསར་འཛུགས་ཐོག་ཞི་བའི་བསྟིྟེ་གནས་ལྟ་བུ་ཞིག་ཡོང་ཐུབ་པ་བྱེད་དགོས། ལྷག་པར་དུ་ཁྱེད་རང་ཚོ་ཕྱི་འབྲེལ་གྱི་མི་སྣ་ཚོས་འཆར་ཅན་གྱི་ལས་འགན་ཡོད་པའི་ཐོག་ནས་ད་དུང་སྤྱི་ཚོགས་ལ་ཕན་པའི་ལས་དོན་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དེ་ངོས་ནས་འབོད་སྐུལ་བྱེད་ཀྱི་ཡིན། ཞེས་བཀའ་སློབ་སྩལ། ༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་གི་ཐོག་བཀའ་སློབ་ཕེབས་དོན། བོད་ཀྱི་ཁོར་ཡུག་གི་ཚ་དྲོད་ཆེ་རུ་འགྲོ་གི་ཡོད་པ་དེ་གསལ་པོ་རེད། ལྷག་པར་དུ་ཨེ་ཤི་ཡའི་ (Asia) ནང་གཙང་པོ་ཆེན་པོ་དེ་ཚོ་བོད་ནས་ཡོང་གི་ཡོད་པ་དང་། གཙང་ཆུ་དེ་དག་ལ་བརྟེན་ནས་མི་མང་དུང་ཕྱུར་མང་པོ་འཚོ་གནས་བྱེད་ཀྱི་ཡོད་སྟབས།
བོད་ཀྱི་ཁོར་ཡུག་ཐོག་དམིགས་བསལ་གྱི་བསམ་བློ་གཏོང་དགོས་པ་དེ་ཆབ་སྲིད་ཀྱི་སྐད་ཆ་དེ་འདྲ་མ་རེད། མི་གྲངས་དུང་ཕྱུར་མང་པོའི་འཚོ་བ་དང་འབྲེལ་བ་ཡོད་དུས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ངོས་ནས་ཀྱང་གནས་སྟངས་དེ་ཚོའི་ཐོག་དོ་འཁུར་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆུ་ཚོད་གཅིག་གི་རིང་བཀའ་སློབ་སྩལ་གྲུབ་མཚམས་དྲི་བ་དྲིས་ལན་སྐབས་བོད་ཀྱི་བུ་མེད་ཚོའི་ངོས་ནས་བོད་མིའི་རང་དབང་འཐབ་རྩོད་ཐོག་མཐུན་སབྱོར་དང་བྱེད་སྒོ་གང་སྤེལ་ཡོད་མེད་དང་། འཚེ་མེད་ཞི་བའི་སྐོར། དེ་བཞིན་རྒྱ་གར་ནང་ (Naxallites) དཀའ་ངལ་ལ་ཐབས་གང་ཡོད་མེད་སྐོར་ལམ་སྟོན་ཡང་ཞུས་ཡོད་པ་རེད། ཆུ་ཚོད་གཉིས་ཙམ་གྱི་བཀའ་སློབ་ལམ་སྟོན་རྗེས་ི་ེ་ཀ་ནན་ཌ་ཐེབས་རྩའི་ངེས་སྟོན་པ་སྐུ་ཞབས་ (Ajit Doval ) ཨ་ཇིཏ་ལྷུ་བལ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཉིན་རྒྱབ་ཨ་ཤོ་ཀ་མགྲོན་ཁང་དུ་ (Ashoka Hotel) མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ལ་ཉིན་གྲངས་གསུམ་རིང་གི་གསུང་ཆོས་མུ་མཐུད་སྩལ་གནང་མཛད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་ཨེན་ཌི་ཏི་ཝི་ NDTV ཞེས་པའི་བརྙན་འཕྲིན་ལས་ཁང་གི་བཅའ་འདྲིའི་ལས་རིམ་ཞིག་གི་སྐབས་སུ་རྒྱ་དཀར་ནག་གཉིས་ནས་ཕན་ཚུན་ཡིད་ཆེས་ཀྱི་ཁོར་ཡུག་བསྐྲུན་པའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གཏོང་དགོས་ཀྱི་ཡོད་པ་དང་། དེ་འདྲའི་གནས་བབ་གཅིག་སྐྲུན་ཐུབ་པའི་རྗེས་རྒྱ་གར་གཞུང་ངོས་ནས་བོད་ཀྱི་གནད་དོན་སེལ་རྒྱུར་ཐུགས་འགན་ཆེན་པོ་བཞེས་ཐུབ་རྒྱུ་ཡིན་སྐོར་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཞིག་དང་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་གཅིག་རང་ཡོད་པ་དེ་ནི་ཕན་ཚུན་གྲོས་མོལ་བྱ་རྒྱུ་དེ་ཡིན་པ་དང་། བོད་དོན་འཐབ་རྩོད་དེ་བཞིན་རྒྱ་ནག་མི་མང་དང་མིན་པར་དངོས་ཡོད་གནས་སྟངས་དང་མ་མཐུན་པའི་སྲིད་བྱུས་བཟོ་མཁན་རྒྱལ་ཁབ་དེའི་གཞུང་དང་ཡིན་སྐོར་བཀའ་སློབ་སྩལ་ཡོད།།