༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མདྷ་ཡ་པར་ཌེ་ཤི་ (Madhya Pradesh) མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་བཞུགས་སྒར་རྡ་རམ་ས་ལ་ནས་ཕྱེད་ཡོལ་ཆུ་ཚོད་གསུམ་པ་ཙམ་ལ་གྷ་གལ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མདྷ་ཡ་པར་ཌེ་ཤི་མངའ་སྡེའི་རྒྱལ་ས་བྷོ་པལ་ (Bhopal) ཁུལ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། ཕྱི་ཚེས་ ༡༧ ཉིན་མ་དྷ་ཡ་པར་ཌེ་ཤི་མངའ་སྡེའི་གྲོས་ཚོགས་ (Madhya Pradesh Assembly) ཀྱི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འགྲོ་བ་མིའི་ཐོབ་ཐང་བརྒྱུད་འཇིག་རྟེན་སྤྱི་ཡོངས་ལ་འཁྲིས་པའི་འོས་འགན་ (Human Right through Universal Responsibility) སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་གྱིི་མཛད་འཆར་དེ་བཞིན་མདྷ་ཡ་པར་ཌེ་ཤི་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཚོགས་འདུའི་གཙོ་སྐྱོང་གནང་མཁན་ཡང་མངའ་སྡེའི་སྤྱི་ཁྱབ་ (Governor) ར་མེཤ་ཝར་ཐ་ཀུར་ (Rameshwar Thakur) མཆོག་ཡིན་པ་མ་ཟད། མདྷ་ཡ་པར་ཌེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Chief Minister) ཤིཝ་རཇ་སིངྒ་ཅོ་ཧན་ (Shiv Raj Singh Chauhan) མཆོག་གིི་དབུས་པའི་གནད་ཡོད་མི་སྣ་མང་དག་ཅིག་མཉམ་ཞུགས་གནང་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོ་པལ་ཁུལ་གྱི་མཛད་འཆར་རྣམས་གྲུབ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་ཕྱི་ཚེས་ ༡༨ ནས་ ༢༡ བར་ཉིན་གྲངས་བཞི་ཙམ་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་དང་། དེ་བཞིན་གསར་འགོད་པ་ཁག་གཅིག་ལ་མཇལ་འཕྲད་གནང་རྒྱུ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དུ་ཆེིབས་སྒྱུར་བསྐྱང་གནང་མཛད་རྒྱུ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་དང་ལྷན་མཛད་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།