༢༠༡༠ ཕྱི་ཟླ་ ༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་རྡ་སའི་གངས་སྐྱིིད་གསོལ་ཐབས་ཚོགས་ཁང་དུ་ཏྲེ་ཧོར་སྐྱིད་སྡུག་གིས་གོ་སྒྲིག་འོག་སྔ་ལོ་ས་བྱི་ཞི་རྒོལ་ནས་བཟུང་སྟེ་རྒྱུན་ཆད་མེད་པར་མདོ་ཁམས་ཏྲེ་ཧོར་ཁུལ་དུ་གནས་སྡོད་བོད་མི་རྣམས་ནས་ཞི་རྒོལ་གྱི་ལས་འགུལ་རྒྱུན་མཐུད་བྱུང་བ་རྣམས་དེབ་ཐེར་དུ་བཀོད་པའི་དཔེ་དེབ་བཀའ་བློན་ཁྲི་པ་མཆོག་གིས་དབུ་འབྱེད་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག དེ་བཞིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག སྤྱི་འཐུས་ལས་ཟུར་ཁག་གཅིག རྡ་ས་ས་གནས་འགོ་འཛིན་དབུས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ཁག་གཅིག གསར་འགོད་པ་དང་ཏྲེ་ཧོར་ཁུལ་གྱི་མི་མང་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་ཚོགས་འཛོམས་ཐོག་ཏྲེ་ཧོར་སྐྱིད་སྡུག་གི་མགྲིན་ཚབ་པ་སྐུ་ཞབས་ཕུན་ཚོགས་ནོར་བུ་ལགས་ནས་མཛད་རིམ་ངོ་སྤྲོད་གནང་རྗེས་བཀའ་ཁྲི་མཆོག་གི་མར་མེ་དབུ་འབྱེད་གྲུབ་བསྟུན་རྒྱལ་གཅེས་དཔའ་བོ་འདས་གསོན་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་ཐོག་ངག་བཅད་སྐར་གཅིག་གནང་བ་དང་། དེ་རྗེས་གསོལ་ཇ་འབྲས་བསིལ་ཕུལ་རྗེས་སྤྱི་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་ཀྱིས་དེབ་འདི་རྩོམ་འབྲིའི་འཕེལ་རིམ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། དེབ་འདིའི་རྒྱུ་ཆ་སྒྲིག་སྟངས་ཐད་ཐོག་མར་བོད་སྤྱི་པའི་ལོ་རྒྱུས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཆ་འཐོར་ཡ་འཐོར་བཏང་བའི་ནང་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་ནང་ཁྱོན་བསྡོམས་རྫོང་ ༡༥༩ ཡོད་པ་དེའི་ནང་ཕྱི་ལོ་ ༢༠༠༨ ནས་ལོ་ཧྲིལ་པོ་གཅིག་གི་ནང་བོད་ས་སྟོད་སྨད་ཡོངས་ནས་འཛིན་བཟུང་བཙོན་འཇུག་བྱས་པ་ཉུང་མཐར་ ༦༧༠༨ བྱུང་ཡོད་པ་མ་ཟད། ལྟ་མི་ཕོད་པ་དང་ཉན་མི་བཟོད་པའི་ཁྲག་དྲི་བྲོ་བའི་དྲག་རྡུང་ཁྲོད་ད་ཕན་ཉུང་མཐར་བོད་མི་ ༢༡༩ ཙམ་རྐྱེན་འདས་སུ་བཏང་བ་ར་འཕྲོད་བྱུང་ཡོད། ད་ལྟའི་ཟི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་ཁག ༡༨ ཡོད་པའི་རྫོང་ཁག་ལྔའི་ནང་ཏྲེ་ཧོར་རྣམས་ཁ་བཀྲམ་ཡོད་ལ་ས་ཁུལ་དེ་དག་ནང་ལོ་ཧྲིལ་པོ་གཅིག་ལ་ཞི་བའི་སྒེར་ལངས་ ༢༢༤ བྱུང་ཡོད་འདུག་དེ་དག་ས་གནས་དང་ཟླ་ཚེས་ར་འཕྲོད་ཁུངས་བཙན་ཤ་སྟག་ཡོད་པ་དང་སྲོག་བཅད་རྐྱེན་འདས་བྱུང་བ་མི་ ༢༥ བྱུང་བ་དང་འཛིན་བཟུང་དང་གར་སོང་ཆ་མེད་གྱུར་པ་ ༣༢༤ བྱུང་ཡོད་ཅེས་སྙིང་དོན་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་ཞི་རྒོལ་ཆེན་མོ་རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་ཞེས་པའི་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།དེ་རིང་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་རྣམ་པ་དང་། མཆོག་ཏུ་བཀུར་འོས་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྤྱི་འཐུས་ལས་ཟུར་རྣམ་པ། ཞི་རྒོལ་ཆེན་མོའི་ཕྱག་དེབ་དང་འབྲེལ་བ་ཡོད་པའི་ཕྱག་ལས་གནང་མཁན་ཚོ་དང་། དེ་བཞིན་མདོ་ཁམས་ཏྲེ་ཧོར་ཁོངས་སུ་གཏོགས་པའི་ཕྱག་ལས་གནང་མཁན་ཚང་མས་མ་སྐུལ་དང་བླངས་ཐོག་འབད་པ་ཆེན་པོས་སྔ་ལོ་བོད་ནང་བྱུང་བའི་གནས་ཚུལ་གལ་ཆེ་མང་པོ་ཞིག་བྱུང་རབས་ཀྱི་རིག་པ་དང་མཐུན་པའི་བདེན་རྟགས་བྱས་ཏེ་ཕྱག་དེབ་ཕྱོགས་སྒྲིག་གནང་བ་དེར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་ངོས་ནས་ལེགས་གསོའི་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་འགྲོ་བ་མིའི་གཤིས་ཀའི་ནང་ད་ལྟའི་བྱུང་རིམ་དེ་ཚོ་མ་འོངས་པ་འབྱུང་རབས་ཀྱི་དོན་སྙིང་ལྡན་པ་ཡིན་པའི་འདུ་ཤེས་འཁོར་ཁག་པོ་རེད། དེང་སང་ང་ཚོས་བྱེད་བཞིན་པའི་ལས་ཀ་དེ་དག་ལོ་བརྒྱ་ཕྲག་ཁ་ཤས་རྗེས་ཕྱིར་བལྟས་སློག་པའི་སྐབས་དངོས་གནས་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་རེད་བསམ་པའི་ཚོར་བ་དེ་ད་ལྟ་ང་ཚོར་སྐྱེས་ཀྱི་མེད། ཕྱོགས་གཞན་པ་གཅིག་ནས་ཉིན་རེ་བྱུང་བའི་རིམ་པ་དེ་དག་གང་ཙམ་ཞིག་ནས་དེབ་ཐེར་ནང་མ་བཀོད་ན་དྲན་པའི་ཡུལ་ལས་ཡལ་འགྲོ་གི་རེད་བསམ་པའི་ཚོར་བ་དེ་ཕལ་ཆེར་མེད་ཅེས་སོགས་དང་། ཡང་བཀའ་ཁྲི་མཆོག་གིས་གསུང་དོན། བོད་ཀྱི་འཐབ་རྩོད་རྒྱུན་རིང་བར་དུ་གནས་རྒྱུ་ཡིན་པ་དང་། བོད་དོན་བདེན་མཐའ་མ་སེལ་བར་དུ་རྒྱུན་མཐུད་དགོས་རྒྱུའི་གནས་ཚུལ་ཞིག་རེད། བོད་དོན་བདེན་མཐའ་སེལ་རྗེས་བོད་གསར་པའི་འཛུགས་སྐྲུན་གྱི་རྩོལ་བ་དེ་མུ་མཐུད་ནས་རྦ་རླབས་ལྟར་ཕྱུར་བཞིན་སྡོད་རྒྱུ་རེད་མ་གཏོགས་ངལ་གསོ་བརྒྱབ་ནས་ལྷོད་གཡེང་གི་གནས་སྟངས་ཤིག་ཡོང་གི་མ་རེད། ད་ལྟ་ཁྱེད་རང་ཚོས་བྱུང་རབས་ཕྱོགས་བསྡུ་དང་དེབ་ཐེར་འགོད་རྒྱུའི་ལམ་སྲོལ་ཞིག་གཏོད་པ་ཡིན་དུས་མུ་མཐུད་འགྲོ་རྒྱུའི་བྱ་གཞག་གཅིག་གི་ངོ་བོ་ལ་གྱུར་ཏེ་རྩོམ་སྒྲིག་གནང་མཁན་ཡིན་ནའང་རེད། གནས་ཚུལ་མཁོ་སྒྲུབ་གནང་མཁན་ཡིན་ནའང་རེད། བྱུང་ན་ལོ་རེ་དང་གལ་ཏེ་མ་བྱུང་ན་ལོ་གཉིས་གསུམ་མཚམས་ལ་བྱུང་རིམ་འདི་དག་དང་། དེ་རིང་ང་ཚོས་ཞལ་འབྱེད་ཞུ་རྒྱུའི་དེབ་འདི་དེབ་ཕྲེང་ཞིག་གི་དེབ་ཕྲེང་དང་པོའི་ངོ་བོར་གནས་ཐུབ་པ་དང་འབྱུང་འགྱུར་མུ་མཐུད་དེ་འགོད་ཐུབ་པ་བྱུང་བ་ཡིན་ན། བོད་དང་འགྲོ་བ་མི་རིགས་སྤྱི་ཡོངས་དང་ཏྲེ་ཧོར་ས་གནས་མི་མང་ཚར་མར་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཡོང་གི་རེད། ཆབ་སྲིད་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པ། རིག་གནས་ཀྱི་དོན་སྙིང་ལྡན་པ་ཞིག་ཏན་ཏན་བཟོ་ཐུབ་ཀྱི་རེད། ལྷག་བཅས་ཀྱི་སྒྲ་ཡོད་གསུང་པ་ལྟར་འདྲེན་བཞིན་པ་ཞིག་ཡོང་རྒྱུའི་རེ་བ་དང་སྨོན་འདུན་ཞུ་གི་ཡོད།
ད་རེས་འདིར་རྩོམ་སྒྲིག་གི་ཕྱག་ལས་ནང་ཆ་ཤས་ལེན་མཁན་དང་མཐུན་འགྱུར་གནང་མཁན་ཚང་མར་བཀའ་དྲིན་རྗེས་དྲན་དང་ལེགས་གསོའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་མུ་མཐུད་ནས་ཕྱག་ལས་འདི་ལྟར་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དེབ་རྩོམ་སྒྲིག་པ་གཙོ་བོ་སྐུ་ཞབས་ཕུན་ཚོགས་ནོར་བུ་ལགས་དང་། སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱི་གཙོས་འབྲེལ་ཡོད་ཕྱག་ལས་གནང་མཁན་རྣམས་ལ་ལེགས་གསོའི་ཁ་བཏགས་གནང་བ་དང་སྦྲགས་སྐྱིད་སྡུག་གིས་མགྲིན་ཚབ་པ་དགེ་བཤེས་བསྟན་འཕེལ་ལགས་ནས་མཐུན་རྐྱེན་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས་སོ།