༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །བོད་མི་མང་སྤྱི་འཐུས་ཆབ་སྲིད་སྡེ་ཚན་གྱི་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་འདི་གར་ཁུངས་ལྡན་གྱི་གནས་ཚུལ་བཏང་གནས་ནང་འཁོད་དོན། ཉེ་ཆར་བོད་རང་སྐྱོང་ཟེར་བའི་མཐོ་རིམ་མི་དམངས་ཁྲིམས་ཁང་ནས། ཕྱི་ལོ་ ༢༠༡༠ ཟླ་ ༢ ནང་སྡེ་དགེ་འཇོ་མདའ་རྫོང་ཁོངས་བསོད་སྟོབས་ལ་མི་ལོ་ ༧ དང་། སྡེ་དགེ་རྫོང་ཁོངས་བསོད་རྡོར་ལ་ལོ་ ༥ དང་། སྡེ་དགེ་རྫོང་ཁོངས་ངག་རྡོར་ལ་ལོ་ ༤ དང་། ཚ་བ་སྒང་བསོད་ཕྲུག་ལ་ལོ་ ༤ བཅས་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
ཁོང་ཚོ་བཞི་ནི་སྔ་ལོ་ཕྱི་ཟླ་ ༦ ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ ༢༠༠ ཙམ་གྱིས་ལྷ་རྒྱལ་སྒྲོག་པའི་ལས་འགུལ་སྤེལ་རྗེས་བོད་མི་དྲུག་འཛིན་བཟུང་བྱས་པའི་ནང་ནས་གཉིས་སྔོན་ལ་བཏང་བའི་ལྷག་མ་བཞི་པོ་དེ་རེད། ཁོང་ཚོ་འཛིན་བཟུང་བྱེད་དོན་ནི་སྔར་ལོ་ཟླ་ ༦ ཚེས་ ༧ ཉིན་བོད་རིགས་ཚོས་བོད་ཆས་གཙང་མ་གྱོན་ཏེ་ཁྲོམ་གཟིགས་སྒང་ནས་ཇོ་ཁང་ལ་སྐོར་བ་གསུམ་བརྒྱབ་སྟེ་པོ་ཏཱ་ལའི་ཕོ་བྲང་བར་དུ་ཀི་བསྭོ་ལྷ་རྒྱལ་འཐེན་བཞིན་བསྐྱོད་པ་དེ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལྡན་པའི་ལས་འགུལ་གྱི་ངོ་བོར་ངོས་འཛིན་གྱིས་འཛིན་བཟུང་བྱས་པ་ཡིན་འདུག ཁོང་ཚོ་འཛིན་བཟུང་བྱས་པ་དང་འབྲེལ་ཡོད་ཁག་གཅིག་གི་ཁྲིམས་རྩོད་པ་གླས་ནས་ཁྲིམས་ཁང་དུ་གཏུག་བཤེར་བྱེད་སྐབས་ཁྲིམས་རྩོད་པས་བསངས་གཏོང་བ་དང་། ལྷ་རྒྱལ་སྒྲོག་པ་ནི་བོད་རིགས་ཀྱི་ཆོས་ལུགས་གོམས་སྲོལ་དང་འབྲེལ་བ་དམ་ཟབ་ལྡན་པའི་ལས་འགུལ་ཞིག་ལས་ཆབ་སྲིད་ཀྱི་གནད་དོན་ཡིན་པའི་དཔང་རྟགས་གང་ཡང་མེད་སྟབས། བདུན་ཕྲག་གཅིག་གི་ནང་མར་བཏོན་ཐུབ་ཀྱི་རེད། ཅེས་བཤད་ཡོད་ནའང་ཁྲིམས་ཁང་ནང་ཁོང་ཚོ་བཞི་ལ་ཆབ་སྲིད་ཀྱི་དོགས་གཞི་ཡོད་ལུགས་འགྲེལ་བརྗོད་ཙམ་ལས་གནས་ཚུལ་གསལ་པོ་གང་ཡང་བྱེད་མ་བཅུག་པར་ཟླ་བ་ལྔ་ལྷག་བཀག་ཉར་རྗེས་ཉེ་སྔོན་ཕྱི་ལོ་ ༢༠༡༠ ཟླ་ ༢ ནང་ཁྲིམས་ར་ཚུགས་པ་དང་ཁྲིམས་རྩོད་པ་གླས་ནས་ཞུ་སྦྱོར་སྔ་ཕྱིའི་བར་རྩོད་གླེང་ཚིག་འབྲུ་གཅིག་ཀྱང་བྱེད་རྒྱུའི་གོ་སྐབས་དང་ཐོབ་ཐང་མ་སྤྲད་པར་གློ་བུར་ལོ་དུས་རྒྱས་བཅད་ཀྱི་བཅད་ཁྲའི་ཡི་གེ་འབྱོར་བ་ཙམ་ལས་དྲང་བདེན་གྱི་ཁྲིམས་རྩོད་དང་ཐག་གཅོད་བྱེད་རྒྱུའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་རག་མི་འདུག ད་བར་ཁོང་ཚོ་བཞིའི་ཆབ་སྲིད་དང་འབྲེལ་བའི་ལས་ཀ་འདི་རེད། ཅེས་ཁྲིམས་ཁང་ནས་དཔང་རྟགས་ཡོད་པའི་འགྲེལ་བརྗོད་ཚིག་འབྲུ་གཅིག་ཀྱང་ཤོད་རྒྱུ་རྙེད་མེད། ཀི་བསྭོ་ལྷ་རྒྱལ་གྱི་འབོད་སྒྲ་སྒྲོག་པ་དང་བོད་ཆས་གྱོན་ནས་གླིང་སྐོར་བསྐྱོད་པར་རྡུང་རྡེག་དང་བཙོན་འཇུག་ཁྲིམས་བཅད་ཀྱི་ཐག་གཅོད་བྱེད་པ་ནི་དྲང་བདེན་མིན་པའི་ཁྲིམས་ཆད་ཡིན་པ་མ་ཟད། མངོན་སུམ་འཛེམས་མེད་ཀྱིས་བོད་མི་རིགས་ཀྱི་ཆོས་རིག་གོམས་སྲོལ་འབུར་འཇོམས་དང་། གྲངས་ཉུང་མི་རིགས་ལ་མཐོང་ཆུང་ཁྱད་གསོད་ཀྱི་རྣམ་པ་ཡང་རང་བཞིན་གྱི་གསལ་པོར་ཐོན་ཡོང་གི་ཡོད་པ་རེད།