༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༡ ཉིན་བཞུགས་སྒར་རྡ་སའི་ཡོངས་གླིང་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་ཀྱི་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་ཕལ་སྐད་ཉིན་མོ་དང་སྟབས་བསྟུན་བགྲོ་གླེང་ཞིག་ཚུགས་ཡོད།
དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས། ས་ར་མཐོ་སློབ་ཀྱི་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱི་དབུས་པའི་གོང་གསལ་ཚོགས་པ་གཉིས་ཀྱི་འཐུས་མི་དང་། རྡ་སའི་ན་གཞོན་བཅས་མི་མང་བརྒྱ་ཕྲག་ལྷག་ཙམ་ཚང་འཛོམས་ཐོག་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་སངས་རྒྱས་ལགས་ཀྱིས་རྒྱལ་སྤྱིའི་ཕལ་སྐད་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ངོ་སྤྲོད་གནང་གྲུབ་མཚམས་ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་མིང་ཚིག་གསར་སྒྱུར་སྐོར་ལ་གསུང་བཤད་གནང་། དེ་རྗེས་ས་ར་མཐོ་སློབ་ཀྱི་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་སྐོར་ལ་གསུང་བཤད་གནང་མཚམས་མི་མང་རྣམས་ཀྱི་གོང་གསལ་བརྗོད་གཞི་གཉིས་ཀྱི་ཐོག་དྲི་བ་དྲིས་ལན་གནང་། དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་སྟངས་སྐོར་ལ་གསུང་བཤད་གནང་དོན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་བོད་ཀྱི་སྐད་ཡིག་གཅེས་སྐྱོང་ལས་འགུལ་ཚོགས་པ་གཉིས་ཀྱི་ཕྱག་ལས་གནང་མཁན་གྲོགས་པོ་ཚང་མར་དེ་རིང་ཁྱེད་རང་ཚོས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བ་དང་དེ་བཞིན་འདིར་བགྲོ་གླེང་གནང་བ་གཉིས་ཀར་ངས་རྗེས་སུ་ཡི་རང་དང་ལེགས་གསོའི་བསྔགས་བརྗོད་ཞུ་གི་ཡོད། སྤྱིར་བཏང་ང་ཚོའི་བོད་སྐད་ཀྱི་རིག་པའི་གཞུང་ལུགས་མང་ཆེ་བ་ཞིག་ལེགས་སྦྱར་གྱི་སྐད་ནས་ཡོང་བ་ཞིག་ཡིན། ལེགས་སྦྱར་གྱི་སྐད་ནང་ཡ་རབས་ཀྱི་སྐྱེས་བུ་དམ་པའི་སྐད་དང་ཕལ་པའི་སྐད་ཅེས་ཡོད། ཐ་སྙད་དེ་དང་མཚུངས་པའི་བོད་སྐད་ནང་ལའང་ཁ་སྐད་དང་ཡིག་སྐད་ཅེས་ནས་བརྗོད་ཚིག་གཅིག་དང་ཕལ་སྐད་དང་ཆོས་སྐད་ཅེས་བརྗོད་ཚུལ་མི་འདྲ་གཉིས་ཡོད། དེ་ལྟ་བུའི་བསམ་ཚུལ་གྱི་ཐོག་ནས་དེ་རིང་གི་ཉིན་མོ་འདི་དམིགས་བསལ་དམ་པའི་སྐད་དང་ཕལ་སྐད་གཉིས་ཀྱི་ནང་ནས་ཕལ་སྐད་ཀྱི་ཉིན་མོ་སྲུང་བརྩི་གནང་གི་ཡོད་ན། དེ་ཡང་གནས་ཚུལ་ཐ་དད་རེད། ད་ལྟ་རྒྱལ་ཚོགས་ཀྱི་ཡན་ལག UNESCO གིས་གསལ་བསྒྲགས་བྱས་པ་དེ་མ་སྐད་ཅེས་པ་དེ་རེད། ཕྱི་ལོ་ ༡༩༩༩ ལོར་ཁོང་ཚོའི་ཚོགས་འདུ་ཞིིག་ནང་དེང་སང་མ་སྐད་མང་པོ་ཞིག་ཉམས་ཆག་འགྲོ་གི་འདུག དེའི་ཆེད་དུ་སྲུང་སྐྱོབ་བྱེད་དགོས་པ་དང་དེ་ལ་ UNESCO གིས་མཐུན་རྐྱེན་སྦྱར་དགོས་ཡོད་ཅེས་ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༢༡ ཉིན་ནས་སྲུང་བརྩི་བྱེད་རྒྱུར་འགོ་བཙུགས་པ་རེད། དེ་ལ་ཁོང་ཚོས་མ་སྐད་ཀྱི་ཉིན་ཞེས་བརྗོད་ཡོད། སྤྱིར་བཏང་ཤེས་རིག་གི་ཚོགས་ཆེན་དང་པོ་ཚོགས་སྐབས་ཕལ་སྐད་སོགས་ཀྱི་སྐོར་ལ་བཀའ་བསྡུར་མང་པོ་བྱུང་ཡོད། བཀའ་བསྡུར་ཡོང་དགོས་པའི་རྒྱུ་མཚན་གང་རེད་དམ་ཅེ་ན། བོད་པའི་རྒྱུན་གཏན་གྱི་སྐད་ཆ་ཤོད་རྒྱུ་དང་བརྡ་དག་དང་མཐུན་པའི་ཡི་གེ་ཐོག་འབྲི་རྒྱུའི་བར་ཁྱད་པར་ཡོད། རྒྱལ་ཁབ་གཞན་གྱི་སྐད་ལ་བལྟས་པ་ཡིན་ནའང་ཁ་སྐད་དང་ཡིག་སྐད་གཅིག་པ་ཡིན་མཁན་སྐད་ཡིག་ཁ་ཤས་ཡོད། ཡང་ཁ་སྐད་དང་ཡིག་སྐད་མི་འདྲ་བར་ཁྱད་པར་ཆེན་པོ་ཡོང་མཁན་གྱི་སྐད་ཡིག་མང་པོ་ཡོད།
ང་ཚོ་བོད་སྐད་ནང་ཁ་སྐད་དང་ཡིག་སྐད་ཐ་དད་གཉིས་ཡོད། ཁ་སྐད་དེ་ལུང་ཚན་སོ་སོའི་ཐུན་མོང་མ་ཡིན་པའི་བེད་སྤྱོད་བྱེད་རྒྱུ་གཅིག་ཡིན་པ་དང་། ཡིག་སྐད་འདི་བོད་རིགས་ཡོངས་རྫོགས་ཀྱི་བེད་སྤྱོད་བྱེད་རྒྱུ་ཞིག་ཡིན་པ་རེད། བོད་ཀྱི་སྐད་ཡིག་ལ་ཁ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་ཡོད་པ་དེ་བོད་ཀྱི་སྐད་ཡིག་གི་ཡོན་ཏན་ཞིག་དང་ཕྱུག་པོ་ཡིན་པའི་ཆ་ཤས་ལ་སྔ་མའི་མཁས་པ་ཚོས་ངོས་འཛིན་གནང་གི་ཡོད། ང་ཡང་དེ་མཚུངས་ཀྱི་ངོས་འཛིན་བྱེད་མཁན་ཞིག་ཡིན། སྟོད་མངའ་རིས་ནས་སྨད་མདོ་ཁམས་སྒང་དྲུག་ཨ་མདོ་དང་བཅས་པ་ག་པར་ཡིན་ཡང་ཡིག་ཐོག་བྲིས་ཡོད་པ་ཚང་མས་གཅིག་གྱུར་ཐོག་ཀློག་ཐུབ་པ་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་དེ་དག་བོད་ཆོལ་གསུམ་གྱི་མི་སུ་འདྲ་ཞིག་གིས་ཀློག་ཀྱང་གོ་ལེན་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོ་རྒྱལ་ཁབ་དང་མི་རིགས་འདི་སྐད་དང་ཡི་གེ་གཅིག་ནང་ལ་གནས་རྒྱུ། ཡང་ལུང་ཚན་སོ་སོའི་ཁ་སྐད་ལོགས་སུ་ཡོད་པ་དེ་སྐད་ཆ་ཤོད་སྐབས་ལུང་པ་བྱེ་བྲག་པ་ག་ནས་ཡིན་པ་ངོས་འཛིན་ཐུབ་རྒྱུ་དེ་ང་ཚོའི་ཁ་སྐད་ཐ་དད་ཡོད་པའི་དབང་གིས་ཡིན། མི་རིགས་དང་རྒྱལ་ཁབ་གཅིག་གི་ངོས་འཛིན་དང་ལུང་ཚན་སོ་སོ་ངོས་འཛིན་གྱིས་ཁྱད་ཆོས་གཉིས་ཀར་ཡོད་སྟབས་དེ་དག་མེད་པར་བཟོ་དགོས་རྒྱུ་དང་། དེ་བོད་ཀྱི་སྐད་ཡིག་གི་རྒྱུན་འཛིན་ལ་གནོད་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། སོ་སོའི་ལུང་ཚན་གྱི་ཤོད་སྟངས་གང་ཡིན་པ་དེ་བཤད་ན་འགྲིག་གི་ཡོད། ཡིག་ཐོག་ལ་འབྲི་སྐབས་ཚང་མས་གཅིག་གྱུར་ཐོག་ནས་འབྲི་དགོས་པ་རེད། མི་རིགས་ཀྱི་སྐད་དང་ཡི་གེ་འདི་གཅིག་གྱུར་གནས་ཐུབ་པ་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་དེ་བརླག་པ་ཡིན་ན། བོད་རིགས་ཙམ་མ་ཡིན་པའི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པ་ཧ་ལམ་ཆ་ཚང་ཉམས་འགྲོ་རྒྱུའི་ཉེན་ཁ་ཡོད། ད་ལྟའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་ཚང་ལ་མ་ནུབ་པ་དེ་བོད་སྐད་ཁོ་ནའི་ཐོག་ལ་གནས་ཡོད་པ་རེད་མ་གཏོགས་སྐད་ཡིག་གཞན་པ་གང་གི་ཐོག་ལ་གནས་མེད། དེ་བཞིན་ཐ་སྙད་རིག་གནས་ནང་ལ་སྨན་རྩིས་བཟོ་ཡི་གནས་སོགས་མང་པོ་ཞིག་བོད་སྐད་ནང་མ་གཏོགས་མེད་པའི་རིག་པའི་གཞུང་ལུགས་མང་པོ་ཞིག་ཡོད། དེ་དག་ཚང་མས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་མཁོ་བའི་རིག་པའི་གནས་དང་རིག་པའི་གཞུང་ལུགས་ཤིག་རེད། དེ་དག་རྒྱུན་འཛིན་བྱེད་པར་བོད་ཀྱི་སྐད་ཡིག་འདི་རྒྱུན་གནས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་མི་མང་གི་བརྗོད་གཞིའི་སྟེང་དྲི་བ་དྲི་ལན་གནང་གྲུབ་རྗེས་དུས་བབ་གསར་འགོད་པ་ཨ་རིག་འགྱུར་མེད་ལགས་ཀྱིས་གོང་གསལ་ཚོགས་པ་གཉིས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུའི་མཇུག་སྡོམ་གནང་བ་དང་། དེ་བཞིན་གསར་འགོད་གསལ་བསྒྲགས་ཤིག་ནང་མི་རིགས་ཤིག་གི་སྤྱི་ཚོགས་སྣེ་ཁྲིད་མཁན་སྡེ་ཚན་ཁག་ནས་བོད་སྐད་གཙང་མ་སྐྱོན་རོགས་ཞེས་འབོད་སྐུལ་གནང་བ་དང་བཞུགས་སྒར་རྡ་སའི་ཚོང་ཁང་ཁག་གཅིག་གི་སྒོ་བྱང་བོད་ཡིག་ཐོག་བྲིས་གནང་བའི་ལས་འགུལ་ཀྱང་སྤེལ་ཡོད་པ་བཅས།།