༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ ༢ ཚེས་ ༢༤ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་ཐོག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ས་གནས་འགོ་འཛིན་དང་། འབྲེལ་མཐུད་པ་བཅས་ལོ་གཉིས་རེའི་མཚམས་ཀྱི་ལྷན་ཚོགས་དེ་སྐོང་ཚོགས་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། ས་གནས་ཁག་གི་ས་གནས་འགོ་འཛིན་དང་འབྲེལ་མཐུད་རྣམས་ལྷན་འཛོམས་ཀྱིས་ཐོག་མར་བཀའ་ཁྲི་མཆོག་གི་ཚོགས་འདུ་དབུ་འབྱེད་ཀྱི་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན་གསོལ་ཇ་དང་འབྲས་བསིལ་ཕུལ་རྗེས་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ནས་ཚོགས་འདུ་ངོ་སྤྲོད་གྲུབ་མཚམས་བཀའ་ཁྲི་མཆོག་གིས་གྲོས་གཞི་ཁག་དང་འབྲེལ་བའི་གསུང་བཤད་གནང་དོན། ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེས་དབུས་པའི་འགན་འཛིན་ལས་བྱེད་རྣམ་པ། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ། དེ་བཞིན་འདི་གར་ཚོགས་འདུར་ཕེབས་པའི་རྣམ་པ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་ངོས་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། བོད་མིའི་སྐྱབས་བཅོལ་དེ་དག་འཛམ་གླིང་གི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་རིག་གཞུང་སྲུང་སྐྱོབ་དང་རྩ་དོན་གྱི་ལས་འགུལ་ཐོག དེ་བཞིན་རང་ཉིད་འཚོ་ཐབས་སོགས་ཀྱི་ཐད་དམིགས་བསལ་གྱི་གྲུབ་འབྲས་ལྡན་པ་ཡོང་བའི་རྒྱུ་མཚན་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་སྐྱབས་བཅོལ་དེ་དག་ཁ་འཐོར་དགུ་འཐོར་མ་ཕྱིན་པར་སྤྱི་ཚོགས་ཀྱི་ངོ་བོར་གཞིས་ཆགས་ཐུབ་པའི་དབང་གིས་བྱུང་བ་རེད་བསམ་གྱི་ཡོད། གལ་སྲིད་ང་ཚོ་སྐྱབས་བཅོལ་དུ་འབྱོར་རྗེས་རྒྱ་གར་མི་མང་ནང་ལ་སིམ་ཕྱིན་ཚེ། ད་གཟོད་བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀར་མཛུབ་མོ་འཛུགས་ས་མེད་པ་ཆགས་རྒྱུ་མ་ཟད། འདས་པའི་ལོ་ལྔ་བཅུ་ནང་གསར་སྐྱེས་བྱུང་བའི་ན་གཞོན་དེ་དག་བོད་མི་ངོས་འཛིན་དང་མཚན་ཉིད་མ་ཚང་བ་ཞིག་ཆགས་རྒྱུ་ནི་བརྗོད་མི་དགོས་པ་རེད།
ཕྱི་ལོ་ ༡༩༥༩ ལོར་གཞན་དང་མི་འདྲ་བའི་གནས་བབ་སྐྱོ་པོ་ཡོད་ཀྱང་༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེ་རུ་ (Nehru) ལྷན་རྒྱས་ཀྱིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་བོད་མིའི་གཞིས་ཆགས་ཁག་འདུ་སྡོད་བྱ་རྒྱུའི་གོ་སྒྲིག་མཛད་པ་དང་། བོད་པའི་སློབ་གྲྭ་ཟུར་འཛུགས་བསྐྱངས་པ་དེ་དག་རླབས་ཆེན་གྱི་མཛད་ཕྱོགས་ཡག་པོ་དང་སྲིད་བྱུས་མ་ནོར་བ་ཞིག་བྱུང་ཡོད་པ་ང་ཚོས་ལོ་ལྔ་བཅུའི་རྗེས་ལ་ཕྱིར་བལྟས་སློག་སྐབས་ངོས་འཛིན་ཐུབ་རྒྱུ་ཞིག་ཡིན། ༸གོང་ས་མཆོག་དང་ནེ་རུ་རྣམ་པ་གཉིས་ནས་བཀའ་བསྡུར་མཛད་སྐབས། བཙན་བྱོལ་བོད་མིའི་ཁྲོད་ལ་སློབ་གྲྭར་འགྲོ་མཁན་གྱི་ཕྲུ་གུ་མང་ཡང་ཆིག་སྟོང་ལྔ་བརྒྱ་ཙམ་ཞིག་འདུག དེ་དག་རྒྱ་གར་གྱི་སློབ་གྲྭ་ཡག་ཤོས་ནང་ལ་བཏང་ན་གཅིག་བྱས་ནས་ཕྲུ་གུ་དེ་དག་སློབ་སྦྱོང་ཡག་ཤོས་ཐོབ་རྒྱུའི་གོ་སྐབས་ཡོད་པ་ཞིག་རེད། འོན་ཀྱང་དེས་བོད་མི་རིགས་ཀྱི་ཕུགས་ཀྱི་དམིགས་ཡུལ་ལ་ཕན་ཐོགས་ཡོང་བ་མི་འདུག དེར་བརྟེན་ང་ཚོས་ངེས་པར་དུ་བོད་ཕྲུག་ན་གཞོན་དེ་དག་ལ་སློབ་གྲྭ་ཟུར་འཛུགས་བྱ་རྒྱུ་དང་། དེའི་ཆེད་དུ་འགྲོ་སོང་ག་ཚོད་འགྲོ་གི་ཡོད་ཀྱང་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ནས་ནར་གཏོང་གིས་ཉུང་མཐར་ཡང་ལོ་བཅུའི་རིང་གཏོང་རྒྱུའི་འཆར་གཞི་ཞིག་ངེས་པར་དུ་སྒྲིག་དགོས་ཀྱི་འདུག ཅེས་དེ་ལྟར་མཛད་ཡོད། ཐོག་མར་ང་ཚོ་བཙན་བྱོལ་ལ་འབྱོར་སྐབས་རབ་བྱུང་དང་ཁྱིམ་པའི་དབྱེ་བ་ཕྱེ་ཡོད། རབ་བྱུང་ནང་ནས་ཀྱང་སློབ་གཉེར་བྱེད་བཞིན་པ་དང་སློབ་གཉེར་ཟིན་པ་དེ་དག་དབྱེ་བ་ཕྱེ་སྟེ། སློབ་གཉེར་བྱེད་བཞིན་པ་རྣམས་སྦག་སར་ (Buxar) ཟུར་འཛུགས་བྱས་ཏེ་ལོ་གྲངས་མི་ཉུང་བ་ཞིག་དེ་གར་བསྡད་པ་རེད། དེ་རྗེས་༸གོང་ས་མཆོག་གིས་གདན་ས་ཡོངས་རྫོགས་གཞིས་ཆགས་ཁག་ནང་གཏོང་གནང་མཛད་པ་རེད།
ད་ལྟའི་ཆར་གདན་ས་ཁག་ནང་བཤད་སྒྲུབ་ཀྱི་བྱ་བ་དེ་དག་ཧ་ཅང་ཡག་པོ་ཆགས་ཡོད། དེ་ལྟ་བུ་གཞིས་ཆགས་གལ་ཆེའི་ཁག་ནང་དབུས་ཀྱི་བཀའ་བློན་བདུན་གྱི་ལས་དོན་ཆ་ཚང་དེར་ལག་ལེན་བསྟར་མཁན་དེ་ས་གནས་འགོ་འཛིན་རྣམ་པ་ཚོ་རེད། དེ་རིང་ང་ཚོ་འདི་གར་འཛོམས་རྒྱུ་དེ་ཡང་གཙོ་ཆེ་ཤོས་འདས་པའི་ལོ་ལྔ་བཅུའི་སྐྱིད་སྡུག་བསྐྱར་ཞིབ་བྱ་རྒྱུ་གཅིག་དང་། དེའི་ཉམས་མྱོང་གཞིར་བཟུང་ནས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་འཚོལ་རྒྱུའི་ཆེད་དུ་དེ་རིང་སྲི་ཞུ་བའི་ཚོགས་ཆེན་འདི་སྐོང་གནང་བ་རེད། ང་ཚོའི་ས་གནས་འགོ་འཛིན་རྣམ་པ་ཚོའི་ནང་ལ་དགུང་ལོ་ལྔ་བཅུ་མ་ལོན་པ་མང་བ་ཡོད། ཁྱེད་རང་ཚོ་མང་ཆེ་བ་རྒྱ་གར་ནང་སྐྱེས་ནས་འཚར་ལོངས་བྱུང་བ་ཡིན་ན། ང་ཚོ་ལོ་ལྔ་བཅུའི་བཅུ་ཕྲག་དང་པོ་གཉིས་པ་དེ་ཚོའི་གནས་སྟངས་ཕལ་ཆེར་ཤེས་ཀྱི་མེད་པས་བྱུང་རབས་ཀྱི་གནས་སྟངས་ལ་ལྟ་དགོས་པ་ནི་གལ་ཆེན་པོ་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་ཏེ་ས་གནས་འགོ་འཛིན་གནང་མཁན་ཉུང་ཤས་ཤིག་མ་གཏོགས་ལྷག་མེད། ལོ་ལྔ་བཅུའི་གནས་སྟངས་ཤེས་མཁན་རྣམས་ནས་ལྔ་བཅུ་ང་དགུ་ནས་དྲུག་ཅུ་རེ་གྲངས་བར་གྱི་གནས་སྟངས་དང་དེང་སང་གནས་སྟངས་བར་གནམ་ས་ལྟ་བུ་མི་འདྲ་ཡོད་པ་དེ་ཐུགས་དྲན་གསོས་གནང་གི་རེད། ཅེས་སོགས་དང་། ད་རེས་ཚོགས་འདུ་འདིར་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་ ༤༢ རྣམས་མཉམ་ཞུགས་གནང་ཡོད་པ་དང་སྔོན་མའི་གྲོས་ཆོད་ཁག་དབུས་ས་གཉིས་ནས་ལག་བསྟར་ཇི་ཞུས་དང་། དེ་བཞིན་ཤེས་ཡོན་དང་གཞིས་ཆགས་སྲ་བརྟན་གྱི་བཟོ་གཞིས་ཁག་སྤྱི་སྒེར་གཉིས་ཕན་གྱི་ཞུ་སྒོ་ཅི་མཆིས། ས་ཁང་བདག་འཛིན་བེད་སྤྱོད་བྱ་ཕྱོགས་སྒྲིག་མཐུན་ལག་ལེན་ཐུབ་ཐབས། བཟོ་ཚོགས་ཀྱི་འཛིན་སྐྱོང་ཚགས་ཚུད། ཉམ་ཐག་ཞིབ་འཇུག་གི་ལྟ་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐད་དོན་སྨིན་བཀའ་བསྡུར་གནང་རྒྱུ་དང་། ཕྱི་དྲོ་གྲོས་ཆོད་ཁག་གཏན་འབེབ་གནང་བ་དང་སྦྲགས་བཀའ་ཁྲི་མཆོག་གི་མཇུག་སྡོམ་གསུང་བཤད་ཀྱིས་བཀའ་ཤག་ནས་ཚོགས་བཅར་ཡོངས་ལ་དགྱེས་སྟོན་གསོལ་ཚིགས་ཤིག་གནང་རྒྱུ་ཡིན་འདུག