༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༠ ནས་ ༢༦ བར་ཉིན་གྲངས་བདུན་རིང་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་འཁྲིད་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཕྱི་ཟླ་ ༢ ཚེས་ ༢༠ སྔ་དྲོ་ཚོུད་ ༩།༠༠ ཐོག་མཐོ་སློབ་ཁང་གི་མགོན་མེད་ཟས་སྦྱིན་གྱི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ཝར་ཎ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་སློབ་དཔོན་ཆེན་མོ་དགེ་བཤེས་ཡེ་ཤེས་ཐབས་མཁས་ཀྱི་གཙོས་ཟབ་སྦྱོང་སློབ་འཁྲིད་གནང་མཁན་སློབ་དཔོན་རྣམ་པ་ཚོགས་ཕེབས་གནང་ཡོད་པ་རེད།
ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་སྐུ་མགྲོན་གཙོ་བོ་དང་སློབ་དཔོན་རྣམ་པ། ཟབ་སྦྱོང་པ་རྣམས་ལ་ཕེབས་བསུ་ཞུས་རྗེས་ཟབ་སྦྱོང་གི་དགོས་དམིགས་སོགས་ངོ་སྤྲོད་ཞུས། དེ་ནས་ཟབ་སྦྱོང་བ་རྣམ་པས་སོ་སོ་ངོ་སྤྲོད་ཟིན་རྗེས། སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་ལམ་སྟོན་གནང་། མཐའ་མ་ཤེས་རིག་སྡེ་ཚན་འགན་འཛིན་ཟླ་བ་ལགས་ཐུགས་རྗེ་ཆེ་ཞུ་གསུང་བཤད་གནང་།
ད་ལན་ཟབ་སྦྱོང་ནང་སམ་བྷོ་ཊའི་ཁྱབ་ཁོངས་ནས་ ༦ མ་སུ་རི་བོད་ཁྱིམ། ༦ རྡ་ས་བོད་ཁྱིམ་ ༢༢ བཅས་ཁྱོན་སློབ་གྲ་མི་འདྲ་བ་གྲངས་ ༡༥ ནས་དགེ་གྲངས་ ༣༤ ཚོགས་ཞུགས་གནང་ཡོད་པ་དང་། ཉིན་བདུན་གྱི་ཟབ་སྦྱོང་རིང་ཝར་ཎ་མཐོ་སློབ་ཉེ་བའི་རིགས་བདག་མཆོག་ནས་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་དང་དགེ་རྒན་གྱི་ལས་འགན། སློབ་དཔོན་ཆེན་མོ་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནས་ནང་ཆོས་འཁྲིད་ཐབས། སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་མཆོག་ནས་རིགས་ལམ་སློབ་འཁྲིད་ཀྱི་གལ་གནད་དང་འཁྲིད་ཐབས། སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་མཆོག་ནས་བཤེས་སྤྲིངས་དཀའ་གནད་ཁག་དང་ལས་འབྲས་རྣམ་གཞག སློབ་དཔོན་བཀྲ་ཤིས་ཚེ་རིང་ལགས་ནས་དག་ཡིག་ངག་སྒྲོན་ལེའུ་གསུམ་པ་དང་མིང་གཅིག་དོན་མང་ལ་འཇུག་པའི་འཁྲིད་ཐབས། སློབ་དཔོན་ལྷག་པ་ཚེ་རིང་ལགས་ནས་བོད་ཀྱི་བརྡ་སྤྲོད་འཁྲིད་ཐབས། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཨ་འཁོར་བཟོད་པ་ལགས་ནས་རྩོམ་རིག་འཁྲིད་ཐབས། ཝར་ཎ་མཐོ་སློབ་ཀྱི་ཉམས་ཞིབ་པ་ཌོཀ་ཀྲར་ཨེ། ཀྱེ། རཡ་ལགས་ནས་ཟབ་སྦྱོང་རིང་སྔ་དྲོ་ཡོག་དང་པྲཎཱ་ཡམ་སློབ་འཁྲིད་གནང་གཏན་འཁེལ་ཡོད་པ་རེད། ཟབ་སྦྱོང་ཕྱི་དྲོའི་མཛད་རིམ་ཝར་ཎ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་རྒྱལ་རབས་སློབ་འཁྲིད་ཀྱི་གལ་གནད་དང་དྲི་བ་དྲིས་ལན། གཞན་ཡང་ཤེས་ཡོན་དང་འབྲེལ་བའི་གཟིགས་མོ་ཁག་ཁ་ཤས་བཅས་གཟིགས་འབུལ་ཞུ་འཆར་ངེས་ཡོད་པ་རེད།
ད་ལན་ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཆེད་ཝར་་མཐོ་སློབ་ཌོག་ཊར་བཀྲ་ཤིས་སྟོབས་རྒྱས་འབྲེལ་མཐུད་ལས་བྱེད་བསྐོ་འཛུགས་གནང་ཡོད་པ་བཅས།།