༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སིར་ (Los Angeles) རྟེན་གཞི་བྱས་པའི་དྭྭ་ཕྲུག་གཅེས་སྐྱོང་ཁང་གིས་ (Whole Child International) ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་མཛད་སྒོ་ཁག་གཉིས་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་དྭ་ཕྲུག་གཅེས་སྐྱོང་ཚོགས་པའི་ཚོགས་མི་དང་ཕྲུ་གུ་གཅེས་སྐྱོང་གི་ཆེད་ལས་པ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་ཡོད་པ་དང་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ། བྱམས་བརྩེའི་ཉམས་ལེན། མགོན་སྐྱབས་མེད་པའི་གོ་ལ་ཁྱོན་ཡོངས་ཀྱི་ཕྲུ་གྲུ་ཚོར་གཅེས་སྐྱོང་། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཁོངས་སུ་དྭ་ཕྲུག་གཅེས་སྐྱོང་ཁང་གི་ཚོགས་པའི་སྐུ་ཚབ་དང་། དེ་བཞིན་སྤྱི་ཚོགས་ཕན་བདེ་དང་གཞན་ཕན་ཆེད་ཕྱག་ལས་གནང་མཁན་གྱི་འཐུས་མི་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སྩལ་དོན། ཕྲུ་གུ་ཚོ་འགྲོ་བ་མི་ཞིག་ཡིན་པར་བརྟེན་ཁོང་ཚོར་འགྲོ་བ་མིའི་ཐོབ་ཐང་ཡོད། མ་འོངས་པར་སྤྱི་ཚོགས་ཡག་པོ་ཞིག་ཡོང་མིན་ནི་མི་རབས་གསར་པ་གཞོན་སྐྱེས་ཚོར་རག་ལུས་ཡོད། གལ་ཏེ་ནང་སེམས་ཀྱི་རིན་ཐང་བྱམས་བརྩེ་དེ་མེད་ཚེ། མི་ཕན་ཚུན་བཤུ་གཞོག་གཏོང་བ་སོགས་བྱེད་ཀྱི་ཡོད། ང་ཚོའི་ནུས་ཤུགས་གཙོ་བོ་དེ་བྱམས་བརྩེ་ལྡན་པའིི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐོག་རྒྱག་ཐབས་བྱེད་དགོས། ང་ཚོའི་མི་རབས་རྗེས་མ་དེ་བྱམས་བརྩེ་ལྡན་པའི་མི་རབས་ཤིག་བསྐྲུན་དགོས། གལ་ཏེ་ཕྲུ་གུ་ཚོ་འཚར་ལོངས་བྱེད་བཞིན་པའི་སྐབས་བྱམས་སྐྱོང་འཐུས་སྒོ་ཚང་བ་ཞིག་རག་པ་ཡིན་ན་རྗེས་སུ་ཕྲུ་གུ་དེ་མི་བཟང་པོ་ཞིག་ཆགས་ཐུབ་ཅེས་བཀའ་སྩལ། ཉིན་རྒྱབ་༸གོང་ས་མཆོག་གིས་ཕྲུ་གུ་དང་འབྲེལ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ (Whole Child International Humanitarian Award) ཐེངས་དང་པོ་དེ་འབུལ་བཞེས་མཛད་ཡོད། དེ་རྗེས་བརྙན་འཕྲིན་གསར་འགོད་པ་སྐུ་ཞབས་ (Giselle Fernandez) ལགས་དང་སྐར་མ་ ༤༥ ཙམ་དྲི་བ་དྲིས་ལན་སྐབས་ཐོག་མར་༸གོང་ས་མཆོག་ལ་དྭ་ཕྲུག་ཚོའི་ཐོག་ང་ཚོར་འགན་གང་ཡོད་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། ནུ་གསོའི་སེམས་ཅན་ནང་ནས་མི་དེ་མི་འདྲ་བ་ཞིག་ཡོང་བ་དེ་མིའི་ཀླད་པ་ཆེན་པོ་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དཀའ་ངལ་མང་པོ་ཞིག་ང་ཚོ་སོ་སོ་རང་གིས་བཟོས་པ་ཞིག་རེད། ཉོན་མོངས་ཀྱིས་ང་ཚོའི་བསམ་བློ་གྲིབ་པར་བརྟེན་ང་ཚོས་བསམ་བློ་རྒྱ་ཆེན་པོ་གཏོང་ཐུབ་ཀྱི་མེད། སེམས་ཞི་བ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། གལ་ཏེ་བྱམས་བརྩེ་ལྡན་པའི་གོ་ལ་ཞིག་བྱུང་བ་ཡིན་ན་དཀའ་ངལ་མང་པོ་ཞིག་ངང་གིས་སེལ་ཐུབ། ཅེས་སོགས་བཀའ་སྩལ།