༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ ཉིན་དུས་ཡུན་རིང་པོའི་སྔོན་ནས་ཕོ་ལོ་ཌའི་ཨེཊ་ལེན་ཌེའི་གཙུག་ལག་སློབ་ཁང་གིས་དུས་ཡུན་རིང་པོའི་སྔོན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བསྐྱངས་གནང་མཛད། དེ་ཡང་སྔ་དྲོའི་ཆུ་ཚོད་ ༩ པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་ནས་ཕོ་ལོ་རི་ཌའི་ཨེཊ་ལེན་ཊེའི་གཙུག་ལག་སློབ་ (Florida Atlantic University) ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཆུ་ཚོད་ ༡༠ པའི་ཐོག་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་ནང་འདུ་འཛོམས་བྱུང་བའི་མང་ཚོགས་ ༣༠༠༠ ཙམ་ལ། བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། (Compassion as a pillar of World Peace) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཀྱི་ཐོག་མ་གཙུག་ལག་སློབ་ཁང་གི་གཙོ་འཛིན་སྐུ་ཞབས་ཇོན་པིར་ཆཌ་ (John Pritchard) ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་ཡོད་པ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། ནང་ཆོས་དང་འབྲེལ་བའི་རིན་ཐང་དེ་རྒྱ་གར་ནས་ཡོང་བ་ཞིག་ཡིན། དེ་བཞིན་ངོས་ཀྱིས་བརྗོད་བཞིན་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་ཞེས་པ་དེ་ཡང་རྒྱ་གར་གྱི་ལྟ་གྲུབ་རྙིང་པ་ཞིག་ཡིན། ལོ་སྟོང་ཕྲག་གོང་ནས་རྒྱ་གར་ནང་རིས་སུ་མ་ཕྱེ་པའི་ཆོས་ལུགས་ལ་གུས་བཀུར་ཞུ་རྒྱུའི་སྲོལ་བཟང་ཞིག་ཡོད། ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བ་གཉིས་ཀ་རྒྱ་གར་གྱི་སྲོལ་རྒྱུན་ནས་བྱུང་བ་ཞིག་ཡིན། ངོས་ནི་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་རིན་ཐང་དེ་དག་བརྡ་ལན་སྤྲོད་མཁན་གྱི་བང་ཆེན་ལྟ་བུ་ཞིག་ཡིན་བསམ་པ་དེར་སྤོབས་པ་ཡོད་ཅེས་བཀའ་སྩལ་བ་དང་། དེ་བཞིན་༸གོང་ས་མཆོག་གིས་མཐོ་སློབ་དེས་གོ་སྒྲིག་གནང་བའི་ཞི་བའི་གཟའ་འཁོར། (Peace Week) ཞེས་བདུན་ཕྲག་གཅིག་གི་རིང་ཞི་བདེ་དང་ཕན་ཚུན་བསམ་ཤེས། འཚེ་བ་མེད་པ་བཅས་ཀྱི་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་དང་འབྲེལ་བའི་ལས་གཞི་ཞིག་སྤེལ་བར་ཡི་རང་བསྔགས་བརྗོད་ཤུགས་ཆེ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། སྐད་ཡིག་མི་དང་སྲོལ་རྒྱུན་མི་འདྲ་བ། མི་རིགས་མི་འདྲ་བ་དེ་དག་གནས་རིམ་གཉིས་པ་ཡིན། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན། བཅོས་མིན་གྱི་འཛུམ་མདངས་ནི་འགྲོ་བ་མི་ཁོ་ནར་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན། མི་གཞན་ལ་ཕར་བྱམས་བརྩེ་བྱས་པ་ཡིན་ན་གཞན་གྱིས་ཀྱང་ཚུར་མཛའ་མཐུན་བྱེད་ཀྱི་རེད། གང་ཡིན་ཟེར་ན་ང་ཚོ་ཚང་མ་སོ་སོའི་མའི་བྱམས་སྐྱོང་དང་གཅེས་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་གཞན་ལ་བྱམས་བརྩེའི་ཚོར་བ་སྟོན་རྒྱུའི་ནུས་པ་དེ་ང་ཚོ་ཚང་མར་ཡོད་ཅེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེ་ལ་རིགས་གཉིས་ཡོད་སྐོར་བཀའ་སྩལ་དོན། བྱམས་བརྩེ་རིམ་པ་དང་པོ་དེ་ང་ཚོའི་གཟུགས་ཁམས་ལ་གཞི་བཅོལ་ནས་བྱུང་བའི་རང་གི་གྲོགས་དང་ནང་མིར་བྱམས་བརྩེའི་བསམ་པ་ཡོད་པ་དེ་ཕྱོགས་སུ་ལྷུང་བ་ཞིག་ཡིན་པས་ཚད་གཞི་ངེས་ཅན་ཞིག་ཡིན། བྱམས་བརྩེ་རིམ་པ་གཉིས་པ་དེ་མི་ཚང་མར་དགྲ་གཉེན་གྱི་ཕྱོགས་རིས་མེད་པར་ཁྱབ་ཐུབ། ང་ཚོས་བྱམས་བརྩེ་རིམ་པ་གཉིས་པ་དེ་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས། ཞི་བདེ་ཡང་དག་པ་དེ་ནི་བྱམས་བརྩེའི་བསམ་བློའི་ཐོག་ནས་ཡོང་དགོས། དེ་ལྟར་ནང་གི་ཞི་བདེ་ཡང་དག་པ་དེ་བྱུང་བའི་ཐོག་ནས་འཛམ་གླིང་ནང་རྒྱུན་སྲིང་ཐུབ་པའི་ཞི་བདེ་ཞིག་བསྐྲུན་ཐུབ་། ཞེས་བཀའ་སྩལ་ཡོད།།