༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་གྲོང་ཁྱེར་ཕོ་ལོ་རི་ཌའི་ (Florida) ནང་གི་མཛད་འཆར་གྱི་ཐོག་མར་གྲགས་ཅན་བརྙན་འཕྲིན་སི་ཨེན་ཨེན་ (CNN) ཞེས་པའི་གསར་འགོད་པ་ཁག་གཅིག་གིས་སྐར་མ་ ༣༠ ཙམ་གྱི་རིང་དྲི་བ་ཞུས་པར་བཀའ་ལན་མཛད་ཡོད།
དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ས་གནས་དེར་རྟེན་གཞི་བྱས་པའི་ནོ་ཝ་ལྷོ་ཤར་གཙུག་ལག་སློབ་གཉེར་ཁང་ (Nova Southeastern University) དང་བྷོ་རོ་ཝཌ་མཐོ་སློབ་ (Broward College) གཉིས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་བཀྲིན་ཆེ་བ་ཐོབ་སྟེ་ (Nova Southeastern University) གཙུག་ལག་སློབ་ཁང་དེར་༸ཞབས་སོར་བཀའ་དྲིན་སྐྱོང་སྐབས་གཙུག་ལག་སློབ་ཁང་གི་རིགས་བདག་ (Chancellor) སྐུ་ཞབས་རེ་ཕེར་རེ་རོ་ (Ray Ferrero) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་བྷོ་རོ་ཝཌ་མཐོ་སློབ་ཁང་གི་ཚོགས་གཙོ་དང་གཙོ་འཛིན་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཐོ་རིམ་སློབ་གྲྭའི་ཕྱག་འཁྱེར་ (Baccalaureate Degree) ཐོག་མ་དེ་འབུལ་ལམ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༢༠༠༤ ལོར་ནོ་ཝ་ལྷོ་ཤར་གཙུག་ལག་སློབ་གཉེར་ཁང་ (Nova Southeastern University) དུ་༸ཞབས་སོར་བཀའ་དྲིན་འཁོད་སྐབས་གཙུག་ལག་སློབ་ཁང་གིས་མགོན་པོ་གང་ཉིད་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་འབུལ་ལམ་ཞུས་ཡོད་པ་མ་ཟད། བོད་མི་སློབ་ཕྲུག་གཉིས་ལ་གཙུག་ལག་སློབ་ཁང་དེར་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་ཆ་ཚང་གནང་ཡོད་པ་དང་།
ཐེངས་འདིར་ཡང་གཙུག་ལག་སློབ་ཁང་གིས་བོད་ཀྱི་བུད་མེད་གཉིས་ལ་གཙུག་ལག་སློབ་ཁང་དེའི་ནང་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་ཆ་ཚང་གནང་རྒྱུ་ཡིན་སྐོར་རིགས་བདག་ (Chancellor) སྐུ་ཞབས་རེ་ཕེར་རེ་རོ་ (Ray Ferrero) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་གྱི་དུས་ཚོད་ནང་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་བསྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་གྲངས་ ༤༥༠༠ ཙམ་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དུས་རབས་ ༢༡ འགོ་བཙུགས་ནས་ལོ་ ༡༠ ཙམ་སོང་ཡོད་པ་དེའི་རིང་འགྱུར་བ་ཞེ་དྲག་ཕྱིན་ཡོད། ད་ཆ་ང་ཚོས་འཛམ་གླིང་གི་ཆ་ཤས་གང་འདྲ་ཞིག་ཡིན་རུང་སོ་སོའི་ཆ་ཤས་ཤིག་ཡིན་བསམ་པའི་ཚོར་སྣང་སྐྱེ་ཐུབ་དགོས། སོ་སོའི་སྒེར་གྱི་བདེ་སྐྱིད་དེ་མི་གཞན་ལ་རག་ལུས་ཡོད་པ་དེ་ང་ཚོས་ད་དུང་མང་ཚོགས་ལ་གོ་རྟོགས་སྤེལ་དགོས། དེ་བཞིན་སློབ་གྲྭའི་ནང་ལ་ཆ་བཞག་ན་སློབ་དེབ་དང་འབྲེལ་བའི་གནས་ཚུལ་ཁོ་ན་སློབ་ཁྲིད་བྱེད་པ་ཙམ་མིན་པར་བྱམས་བརྩེ་དང་འགན་ཁུར་གྱི་བསམ་བློ་བསྐྲུན་ཐབས་བྱེད་དགོས། ཤེས་ཡོན་ཧ་ཅང་ཆེན་པོ་ཡོད་མཁན་མི་དེས་ཀྱང་གོ་ལོག་ཚབས་ཆེ་བྱེད་སྲིད། དེར་བརྟེན་མཐར་གཏུགས་ན་ནང་གི་རིན་ཐང་དེ་དག་གལ་ཆེན་པོ་རེད།
ཁྱིམ་ཚང་གཅིག་གི་ནང་ཆ་བཞག་ནའང་མི་རེ་ངོ་རེས་འགན་ཞིག་འཁྱེར་གྱི་ཡོད། གཞི་རྩའི་མི་དེ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན། མི་རེ་ངོ་རེས་སྤྱི་ཚོགས་ཤིག་ལ་བརྟེན་ཡོད། ཉེ་ལམ་ཌེན་མག་རྒྱལ་ས་ཀོ་པན་ཧེ་གན་ (Copenhagen) ནང་ཚོགས་འདུ་ཚོགས་པའི་གྲུབ་འབྲས་དེས་མི་མང་ཉམ་ཐག་ཚོར་དེ་ཙམ་ཕན་འབྲས་བྱུང་མེད་པ་དེའི་རྒྱུ་མཚན་ནི་རྒྱལ་ཁབ་སྒེར་གྱི་གནད་དོན་དེ་གོ་ལ་ཁྱོན་ཡོངས་ཀྱི་གནད་དོན་ལས་གལ་ཆེ་བ་འཛིན་པའི་ཐོག་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ཚོགས་འདུའི་གྲུབ་འབྲས་དེར་ཞིབ་འཇུག་གནང་མཁན་མི་མང་པོ་ཞིག་འདོད་བློ་ཚིམས་མེད། ང་ཚོ་དང་ཁྱེད་ཚོའི་དབྱེ་མཚམས་ཀྱི་ས་མཚམས་བཟུང་བའི་ཐོག་ནས་དམག་འཕྲུག་ཤོར་བ་དེ་བློ་ཕམ་པོ་རེད། འོན་ཀྱང་མཚོ་རླབས་ཀྱི་འཇིག་པ་ (Tsunami) བྱུང་བའི་སྐབས་དང་ཉེ་ལམ་ཧེ་ཊིར་ (Haiti) ས་ཡོམ་གྱི་གོད་ཆག་ཕོག་སྐབས་རྒྱལ་སྤྱིའི་ནང་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་དེ་དག་ལས་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་དེ་གོང་འཕེལ་འགྲོ་བཞིན་ཡོད་པ་ར་སྤྲོད་ཐུབ་པ་ཡིན། དེ་བཞིན་དཔེར་ན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ (European Union) ལྟ་བུར་ཆ་བཞག་ན་དུས་རབས་ ༢༠ པའི་འགོ་སྟྟོད་ཙམ་ལ་རྒྱལ་ཁབ་དེ་དག་དབར་སོ་སོའི་ས་ཁུལ་གྱི་བདག་དབང་ཐོག་ཕྲག་དོག་གིས་དམག་འཐབ་བྱེད་ཀྱི་ཡོད། ད་ལྟའི་ཆར་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཐོག་གནས་དགོས་པ་དེ་ཤེས་རྟོགས་ཡོང་སྐབས་རྒྱལ་ཁབ་ཕན་ཚུན་གྱི་ས་མཚམས་དེ་དགེ་མཚན་དེ་ཙམ་མེད་པ་དང་རྒྱལ་སྤྱིའི་གནད་དོན་དེ་རྒྱལ་ཁབ་སོ་སོའི་སྒེར་གྱི་གནད་དོན་ལས་གལ་གནད་ཆེ་བ་ཞིག་ཡིན་པ་ཤེས་ཀྱི་ཡོད།
དེར་བརྟེན་ཁོང་ཚོས་མཉམ་རུབ་ཐོག་ཕྱག་ལས་གནང་ཡོད་ཅེས་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ཁབ་ནི་རང་དབང་དང་མང་གཙོ་བཅས་ཀྱི་དོན་གྱི་བདག་པོ་ཡིན་པར་བརྟེན། གནད་དོན་དེ་དག་གི་ཐོག་ཨ་རིའི་རྒྱལ་ཁབ་ཀྱིས་ཆོད་སེམས་དང་ལངས་ཕྱོགས་བརྟན་པོ་བཟུང་དགོས་ཞེས་བཀའ་སློབ་སྩལ། དེ་རྗེས་ཉིན་གུང་གི་ལྗགས་སྨིན་གྲུབ་མཚམས་གསར་འགོད་པ་ ༤༠ བརྒལ་བར་སྐར་མ་ ༣༠ ཙམ་བཀའ་སློབ་གནང་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་ཕོ་ལོ་རི་ཌའི་མང་ཚོགས་ལ། གོ་ལའི་སྤྱི་ཚོགས་ནང་བྱམས་བརྩེའི་ནུས་པ་ (The Effect of Compassion on the Global Community) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་ཆེད་ཚོགས་ཁང་ཆེན་མོར་ཆིབས་སྒྱུར་སྐྱོང་སྐབས་སླར་ཡང་ནོ་ཝ་ལྷོ་ཤར་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ (Chancellor) སྐུ་ཞབས་རེ་ཕེར་རེ་རོ་ (Ray Ferrero) ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་སྦྲགས་བཀའ་སློབ་སྩལ་ཡོད་པ་བཅས།།