༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་ལོ་སི་ཨེན་ཇི་ལི་སིར་ (Los Angeles) ༸ཞབས་སོར་འཁོད་ཡོད་པ་དང་སྦྲགས་ (Los Angeles Times) ཞེས་པའི་དུས་བབ་གསར་ཤོག་གིས་ཆེད་དོན་དྲི་བར་བཀའ་ལན་ཕེབས་པའི་ནང་། ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དེར་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད། འོན་ཀྱང་རྒྱ་ནག་མི་མང་ཁྲོད་ནས་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་འབྲེལ་མོལ་མདུན་བསྐྱོད་ཡོང་རྒྱུར་ཕན་ཐོགས་ཡོང་བཞིན་ཡོད། རྒྱ་ནག་མང་ཚོགས་དང་ཤེས་ཡོན་མི་སྣ། རྩོམ་པ་པོ་སོགས་མང་པོ་ཞིག་གིས་ང་ཚོའི་དབུ་མའི་ལམ་ལ་དངོས་གསལ་དོད་པོས་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་སྲིད་བྱུས་ཁག་གཅིག་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཐོན་ཡོང་གི་འདུག་ཅེས་བཀའ་ལན་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱེད་མཁན་ཚོར་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་གདུག་རྩབ་ཀྱི་དྲག་གནོན་ཚབས་ཆེ་བྱས་རྐྱེན་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་པར་སྙིང་རྗེ་ཧ་ཅང་ཤུགས་ཆེ་སྐྱེས་ཡོད། དེ་ནས་བཟུང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མཁན་རྒྱ་རིགས་མང་པོས་དེ་སྔ་ཞི་རྒོལ་མ་བྱུང་སྔོན་ལ་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་མེད་པ་དང་། ད་ལྟའི་འཆར་༸གོང་ས་མཆོག་གིས་རྒྱ་ནག་གི་མངའ་ཁོངས་སུ་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་མཐོང་གི་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་འདུག་ཅེས་བཀའ་སྩལ།
ཡང་༸གོང་ས་མཆོག་གིས་རྒྱ་རིགས་རྩོམ་པ་པོ་མང་དག་ཅིིག་གིས་བོད་ཀྱི་རང་སྲིད་རང་སྐྱོང་ཐོག་རྒྱབ་སྐྱོར་མཚོན་པའི་དཔྱད་རྩོམ་ ༨༠༠ ལྷག་ཙམ་འགྲེམས་སྤེལ་བྱས་པའི་ནང་ནས་ ༣༠༠ ཙམ་རྒྱ་ནག་སྐམ་ས་ནས་ཡིན་པ་བཀའ་སློབ་སྩལ་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་མཛད་པའི་སྐོར་ལ་བཀའ་སློབ་མདོར་བསྡུས་སྩལ་དོན། ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་དང་ང་ཚོའི་དབར་གྱི་གནས་སྟངས་སྐོར་བརྡ་ལན་སྤྲོད་རྒྱུ་དེ་ངོས་ཀྱི་ལས་འགན་ཡིན་ཞེས་བཀའ་སྩལ། གསར་འགོད་པས་བོད་རྒྱ་འབྲེལ་མོལ་ཐད་ཡར་རྒྱས་ཀྱི་རྣམ་པ་བྱུང་བ་གཟིགས་ཀྱི་ཡོད་མེད་བཀའ་དྲིས་ཞུས་པར། ༸གོང་ས་མཆོག་གིས་ཡར་རྒྱས་གང་ཡང་བྱུང་མེད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་དུས་རྟག་ཏུ་མཁྲེགས་བཟུང་བྱེད་ཀྱི་ཡོད་པ་དང་། དེ་ཡང་བོད་རིགས་ཙམ་མ་ཟད་ཁོ་རང་ཚོའི་མི་རིགས་ལའང་ལངས་ཕྱོགས་དེ་ལྟར་འཛིན་གྱི་ཡོད་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།