༢༠༡༠ ཕྱི་ཟླ་ ༢ ཚེས་ ༩ རེས་གཟའ་མིག་དམར།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ ཉིན་སྦི་ཧཱར་(Bihar)མངའ་སྡེའི་བློན་ཆེན་ནི་ཏི་ཤི་ཀུ་མར་མཆོག་(Nitish Kumar)གིས་བཞུགས་སྒར་དུ་༸གོང་ས་མཆོག་མཇལ་འཕྲད་ཞུས་ཡོད་པ་དང་སྦྲགས་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ ཉིན་༸གོང་ས་མཆོག་སྦི་ཧར་མངའ་སྡེའི་རྒྱལ་ས་པ་ཊི་ནར་ཆིབས་སྒྱུར་གྱིས་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་ Buddha Smriti (Memorial)Park ཞེས་པ་མངའ་སྡེ་གཞུང་གིས་འགྲོ་གྲོན་ཧིན་སྒོར་དུང་ཕྱུུར་ ༡༢༥ ཙམ་བཏང་བའི་སྐྱེད་མོས་ཚལ་དེ་དང་དེའི་ནང་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གསར་བསྐྲུན་བྱེད་བཞིན་པ་བཅས་ཀྱི་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱང་གནང་མཛད་རྒྱུའི་ཞལ་བཞེས་ཐོབ་ཡོད། པ་ཊི་ནའི་མེ་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དུ་ཡོད་པའི་སྐྱེད་མོས་ཚལ་དེ་ཧ་ཅང་རྒྱ་ཆེ་བ་དང་། དེའི་ནང་སྒོམ་སྒྲུབ་གནང་སའི་ཚོགས་ཁང་ཡང་ཡོད། སྐྱེད་མོས་ཚལ་དེ་འདྲ་གསར་རྒྱག་གནང་བ་དེ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༥༠ འཁོར་བའི་རྗེས་དྲན་གྱི་ཆེད་དུ་དམིགས་པ་ཞིག་ཡིན་འདུག གཞན་ཡང་མངའ་སྡེ་བློན་ཆེན་མཆོག་གིས་སྦི་ཧར་ནང་རྒྱལ་སྤྱིའི་ནཱ་ལེྡའི་མཐོ་སློབ་ (Nalanda International University) ཅེས་པ་གསར་འཛུགས་གནང་རྒྱུའི་འཆར་གཞི་ཡོད་སྐོར་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་པར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད་པ་བཅས།།
༸གོང་ས་མཆོག་སྦི་ཧར་དུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།