༢༠༡༠ ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ།
ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༧ ཉིན་སྦི་ཧཱར་(Bihar)མངའ་སྡེའི་བློན་ཆེན་ནི་ཏི་ཤི་ཀུ་མར་མཆོག་(Nitish Kumar)བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་མཇལ་འཕྲད་དུ་ཕེབས་པ་དང་སྦྲགས་བཀའ་བློན་ཁྲི་པས་དབུས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བློན་ཆེན་མཆོག་ལ་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད། ཕྱི་ཚེས་ ༨ ཉིན་བློན་ཆེན་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག དེ་ཡང་བློན་ཆེན་མཆོག་བཞུགས་སྒར་དུ་ཕེབས་དགོས་དོན་གཙོ་བོ་ནི་འདི་ལོའི་ཟླ་བ་ ༥ པའི་ནང་སྦི་ཧར་གྱི་རྒྱལ་ས་པ་ཊི་ནར་(Patna)སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་(Buddha Memorial Park)ཞེས་པ་མངའ་སྡེ་གཞུང་གིས་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་ ༡༢༥ ཙམ་བཏང་བའི་སྐྱེད་མོས་ཚལ་དེ་ལེགས་པར་བསྒྲུབ་རྒྱུའི་རེ་བ་གནང་བཞིན་ཡོད། དེར་བརྟེན་༸གོང་ས་མཆོག་ལ་སྐྱེད་མོས་ཚལ་དེའི་དབུ་འབྱེད་རབ་གནས་བཀའ་དྲིན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་ཆེད་ཡིན་འདུག པ་ཊི་ནའི་མེ་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དུ་ཡོད་པའི་སྐྱེད་མོས་ཚལ་དེ་ཧ་ཅང་རྒྱ་ཆེ་བ་དང་། དེའི་ནང་སྒོམ་སྒྲུབ་གནང་སའི་ཚོགས་ཁང་ཡང་ཡོད་པ་རེད། སྐྱེད་མོས་ཚལ་དེ་འདྲ་གསར་རྒྱག་གནང་བ་དེ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ ༢༥༥༠ འཁོར་བའི་དྲན་རྟེན་ཆེད་དུ་དམིགས་པ་ཞིག་ཡིན། འོན་ཀྱང་ད་ལྟའི་ཆར་དབུ་འབྱེད་རབ་གནས་བསྐྱང་གནང་མཛད་རྒྱུའི་དུས་ཚོད་ངེས་གཏན་འཁེལ་མེད་པ་བཅས།