༢༠༡༠ ཕྱི་ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ།
ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༧ ནས་ ༢༧ བར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད། ཆིབས་སྒྱུར་དེའི་སྐབས་༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་་ཤིང་ཊོན་ Washingtonདང་། ཁེ་ལི་ཕོ་ནི་ཡ་ California ཕོ་ལོ་རི་ཌ་ Florida བཅས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ཆིབས་སྒྱུར་སྐབས་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཆོག་མཇལ་འཕྲད་གནང་གཏན་འཁེལ་ཡོད་སྐོར་ཕྱི་ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སྐུ་ཞབས་བིལ་བུར་ཊོན་ (BillBurton)གྱིས་བརྗོད་ཡོད། དེ་ཡང་སྐུ་ཞབས་བིིལ་ལགས་ཀྱིས་གསུང་དོན། སྔ་ལོ་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་སྲིད་འཛིན་མཆོག་གིས་འདོད་བློ་ཡོད་པ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་གསུངས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ནང་གུས་བཀུར་ཡོད་པའི་ལེགས་བྱང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་སྲིད་འཛིན་ཨོ་བྷ་མས་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཨ་རིའི་གཞུང་གིས་སེམས་འཚབ་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་ལེགས་བྱང་སྲུང་སྐྱོབ་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
——————————————————————————–