༢༠༡༠ ཕྱི་ཟླ་ ༡ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡར་(California) ཚུགས་པའི་ Palm Springs ཞེས་པའི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་སྐབས་བོད་པའི་གློག་བརྙན། སྤྲིན་རྒྱབ་ཀྱི་ཉི་མ། ཞེས་བསྟན་པ་དེར་མང་ཚོགས་ནས་དགའ་མོས་དང་བསྔགས་བརྗོད་ཆེ་ཤོས་ཐོབ་ཡོད། སྐབས་དེར་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་རི་ཏུ་ས་རིན་ (Ritu Sarin) རྣམ་གཉིས་ནས་གློག་བརྙན་དེ་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་བྷཱའི་(Mumbai) དང་ལྡི་ལིའི་མང་ཚོགས་ལ་སྟོན་རྒྱུར་གསལ་བསྒྲགས་བྱས་ཡོད། དངོས་བྱུང་གློག་བརྙན་དེའི་ནང་བོད་རང་བཙན་གྱི་འཐབ་རྩོད་དང་ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ཛ་དྲག་དང་ཡ་ང་བའི་གནས་སྟངས་སྐོར་བཟོ་སྐྲུན་བྱས་ཡོད། གློག་བརྙན་དེ་ནི་རྒྱ་གར་ནང་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ཞེས་པའི་ཐེབས་རྩ་ཁང་(The Foundation for Universal Responsibility of His Holiness the Dalai Lama) དང་རྒྱ་གར་རྒྱལ་སྤྱིའི་གློག་བརྙན་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱིས་མང་ཚོགས་ལ་སྟོན་རྒྱུར་གོ་སྒྲིག་བྱས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༧ ཉིན་མུམ་བྷཱའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཡང་སྟོན་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མང་ཚོགས་རྣམས་ལ་སྟོན་རྒྱུ་ཡིན་འདུག་པ་བཅས།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་