༢༠༡༠ ཕྱི་ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོ་རྗེ་གདན་གྱི་ས་གནས་དགོན་པའི་ཚོགས་པ་དང་། ཚོང་པའི་མཐུན་ཚོགས། གསུང་ཆོས་གོ་སྒྲིག་རྐང་བཞེས་མཁན་སྨོན་ལམ་གོ་སྒྲིག་ཚོགས་ཆུང་།
བསྟན་ལ་དད་གཏོང་མཆོག་ཏུ་ཡངས་པའི་བསྟན་པའི་སབྱིན་བདག་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༡ ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ རྒྱ་གར་མངའ་སྡེ་གུ་ཇུ་ར་ཏི་ནས་མཁའ་ལམ་བརྒྱུད་ག་ཡ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། གནམ་ཐང་དུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན་མཆོག གྲོང་ཁྱེར་སྤྱི་ཁྱབ་པ། སྐོར་སྲུང་ཉེན་རྟོག་པའི་སྤྱི་ཁྱབ། བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ། གསུང་ཆོས་སྤྱིན་བདག་ཁག་དང་། དགེ་ལུགས་སྨོན་ལམ་ཚོགས་ཆུང་གི་སྐུ་ཚབ་སོགས་ནས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་གནམ་ཐང་ནས་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་ཆོས་ཞུ་བ་རིས་མེད་དགོན་སྡེ་ཁག་གི་དགེ་བཙུན་དང་། གཞིས་བྱེས་གཉིས་ནས་འདུས་པའི་རང་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ། ཆེན་པོ་ཧོར་དང་རྒྱ་ནག འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག ས་གནས་ཡུལ་མི་བཅས་ཀྱིས་དད་ལྡན་མི་མང་ཁྲི་སྟོང་མང་པོས་ཕེབས་ལམ་གཡས་གཡོན་དུ་གུས་བསྟར་བསྒྲིགས་ཏེ་ཕེབས་བསུ་དང་མཐོང་གྲོལ་འཛུམ་ཞལ་དང་། བྱིན་རླབས་ཀྱི་ཕྱག་རྒྱ་གནང་བཞིན་བཞུགས་གནས་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད།
བཞུགས་གནས་ཕོ་བྲང་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲ་ཚང་ཕོ་བྲང་མདུན་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། བླ་སྤྲུལ་དགེ་བཤེས་རྣམ་པ། རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་ནས་སེར་སྦྲེངས་བསྒྲིགས་ཏེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕོ་བྲང་དུ་ཆུ་ཚོད་གཅིག་ལྷག་ཙམ་ཞིག་སྐུ་ངལ་གསོ་གནང་གི་ཉིན་གུང་ལྗགས་སྨིན་གྲུབ་མཚམས་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་ཆིབས་སྒྱུར་བསྐྱངས། དེ་ནས་མཆོད་རྟེན་ཉེ་འཁོར་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་ནས་མཐར་སངས་རྒྱས་གོ་འཕང་མ་ཐོབ་བར་གྱི་མཛད་པའི་སྣང་བརྙན་ཁག་བཞེངས་རྒྱུའི་དབུ་འབྱེད་རབ་གནས་བསྐྱངས། དེ་ནས་ཡང་མཆོད་རྟེན་ཉེ་འཁོར་ཡུལ་འཁོར་སྤྲོ་འཆམ་ཚོགས་པ་ཞིག་ནས་གནས་མཆོག་རྡོ་རྗེ་གདན་སྐོར་གྱི་བརྙན་འཕྲིན་འགྲེམས་སྟོན་ཁང་ Prachin Baharat Tourism multi media museum དབུ་འབྱེད་བཀའ་དྲིན་ཆེ་བ་གནང་ཡོད།
ཐེངས་འདིར་གསུང་ཆོས་ཞུ་བར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་དང་། རྒྱ་ནག་སྐམ་ས་ཆེན་མོ། བོད་ནས་ཆོས་ཞུ་བ། ཧི་མ་ལ་ཡའི་རི་བརྒྱུད་ཁག་བཅས་ནས་མི་གྲངས་ཁྲི་བཞི་ལ་ཉེ་བ་འབྱོར་ཡོད་པ་དང་། ཕྱི་ནང་གི་གསར་འགོད་པ་གྲངས་ ༨༠ སྐོར་སོགས་ཆེད་བཅར་ཞུས་ཡོད་འདུག ས་གནས་སུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འཕྲལ་སེལ་སྨན་ཁང་ཟུར་འཛུགས་ཀྱིས་ཆོས་ཞུ་བ་ཚོར་འཕྲོད་བསྟེན་ཞབས་ཞུ་གང་ལེགས་ཞུ་བཞིན་པ་དང་། དེ་བཞིན་ནད་རིགས་སྔོན་འགོག་ཆེད་དུ་སློབ་གསོའི་ལས་རིག་མང་དག་ཅིག་གནང་བཞིན་འདུག བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་མི་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་དཔར་རིས་འགྲེམས་སྟོན་དེ་རིང་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་། བོད་གཞུང་བདེ་སྲུང་ལས་ཁུངས་ནས་སྐུ་ཕྱ་དང་ཆོས་ཞུ་བའི་བདེ་འཇགས་སྲུང་སྐྱོབ་ཆེད་ཆོས་ཞུ་བའི་ཕྱག་ཁྱེར་གནང་རྒྱུ་སོགས་སྲི་ཞུ་རྣམ་པར་དག་པ་ཞུ་བཞིན་འདུག་བཅས་ལགས་པའི་ས་གནས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
སང་ཉིན་ཚེས་ ༥ ནས་གསུང་ཆོས་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས་ས་གནས་ནས་འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ནས་བཏང་འབྱོར་བྱུང་བ་སྙིང་བསྡུས་སུ།།