༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་མང་ཚོགས་ཁྲི་ཚོ་མང་པོར་ཉིན་ལྔའི་རིང་ཟབ་རྒྱས་ཆོས་ཀྱི་བྱིན་རླབས་རྒྱ་ཆེ་སྩལ་ཏེ་དད་ལྡན་ཆོས་ཞུ་བའི་འདོད་དོན་མ་ལུས་པ་ཡོངས་སུ་བགེགས་མེད་ངང་གྲུབ་སྟེ།
ཉིན་འདིའི་སྔ་དྲོ་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་ཕོ་བྲང་ནས་བྱང་ཆུབ་མཆོད་རྟེན་དུ་ཐོན་མཇལ་གནས་གཟིགས་ལ་ཆིབས་སྒྱུར་སྐྱོང་སྐབས་ཕོ་བྲང་གི་མདུན་དུ་ས་གནས་འཕྲོད་བསྟེན་སྨན་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དེ་ཉིན་བྱིས་པ་རྣམས་ལ་དབྱིན་སྐད་ཐོག་པོ་ལི་ཡོ་(Polio) ཞེས་དབང་རྩ་རེངས་པའི་ན་ཚའི་སྔོན་འགོག་གི་ལས་འགུལ་ཞིག་སྤེལ་གནང་གི་ཡོད་པ་བཞིན་བྱིས་པ་གཉིས་ལ་སྐུ་ངོ་མས་ནད་དེ་སྔོན་འགོག་གི་སྨན་ཁུ་སྩལ་ཏེ་དེར་བཅར་བའི་གསར་འགོད་པ་དང་། ལས་བྱེད་རྣམས་ལ་བཀའ་སློབ་ཕེབས་དོན། འདས་པའི་ལོ་ལྔ་བཅུའི་རིང་རྒྱ་གར་ནང་ཕྱོགས་གང་ས་ནས་ཡར་རྒྱས་ཕྱིན་ཡོད་ཀྱང་ད་དུང་ཡང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་གང་ཐུབ་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་གནང་གལ་ཆེ་བ་ཡིན་སྐོར་དང་། ཐེངས་དེའི་ལས་འགུལ་ལ་བསྔགས་བརྗོད་ཀྱང་གནང་ཡོད། དེ་ནས་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་དང་། རིས་མེད་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད་སྐབས་ ༧ པར་ཆིབས་སྒྱུར་དང་ཐུགས་སྨོན་གསོལ་འདེབས་དང་བཀའ་སློབ་བཅས་སྩལ་ཡོད།
ཉིན་འདིའི་ཕྱེད་ཡོལ་ཕོ་བྲང་མདུན་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་གྲྭ་ཚང་ཁག་དྲུག་གི་མཁན་པོ་རྣམས་དང་བླ་སྤྲུལ་སོགས། བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན་མཆོག་དང་གྲོང་ཁྱེར་སྤྱི་ཁྱབ། སྐོར་སྲུང་ཉེན་རྟོག་པའི་སྤྱི་ཁྱབ། བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ། གོ་སྒྲིག་ཚོགས་ཆུང་སོགས་ཀྱི་གཙོས་པའི་འབྲེལ་ཡོད་མི་སྣ་ཁག་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཐོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་ཏེ་གྷ་ཡ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་དད་ལྡན་མང་ཚོགས་ཁྲི་ཚོ་མང་པོའི་ལག་ཏུ་མཆོད་རྫས་ཐོགས་ཏེསླར་ཡང་ཞལ་མཇལ་གྱི་སྐལ་བཟང་ཞིག་མྱུར་དུ་འཐོབ་རྒྱུའི་གསོལ་འདེབས་སྨོན་ལམ་དང་སྦྲགས་དགའ་དད་སྤྲོ་གསུམ་གྱིས་མིག་ལ་མཆི་མ་འཁོར་ནས་ལག་གི་པད་མོ་སྙིང་ཁར་སྱར་ཏེ་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཡོད།
ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་ལྔའི་རིང་ཆོས་ཞུ་བ་གྲངས་ཁྲི་ལྔ་བརྒལ་བར་འཇིག་རྟེན་ལས་འདས་པའི་བསྟོད་པ་དང་། བྱང་ཆུབ་ལམ་སྒྲོན། རྫོགས་ཆེན་སེམས་ཉིད་ངལ་གསོ། ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཆོས་བཀྲིན་སྩལ་བ་དང་། བཀའ་ཆོས་གྲུབ་མཚམས་ཚེ་དབང་དང་། མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་སོགས་ཞུས་ཡོད། ད་རེས་༸གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་མིང་མང་། རྒྱ་རིགས། སོག་རིགས། ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༠ ལྷག་ཙམ་ནས་ཕེབས་པའི་ཆོས་ཞུ་བ་ཁག་བཅས་ལ་དམིགས་བསལ་མཇལ་ཁ་དང་། ཚང་མར་ནང་ཆོས་ལ་དད་པ་ཙམ་མ་ཡིན་པར་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ནན་པོ་ཕེབས་ཡོད། ཕྱི་རྒྱལ་ཆོས་ཞུ་བ་དང་། གསར་འགོད་པ་བཅས་ཁྱོན་བསྡོམས་མི་གྲངས་ ༢༠༠༠ ལྷག་ཙམ་ལ་བོད་ཀྱི་གནས་སྟངས་ཤེས་རྟོགས་ཆེད་དུ་ཁྱེད་རྣམས་ཀྱིས་བོད་ནང་ཕེབས་ཏེ་བོད་ཀྱི་དངོས་ཡོད་གནས་སྟངས་ཁག་ལ་ཞིབ་འཇུག་བྱ་དགོས་པ་དང་། ཅི་སྟེ་རྒྱ་ནག་གཞུང་ཕྱོགས་གིས་བཤད་པ་བཞིན་བོད་ནང་ཡོད་པའི་བོད་མི་དེ་དག་བདེ་སྐྱིད་ངང་གནས་ཡོད་ན་ངོས་ནས་དགོངས་སེལ་ཞུས་ཆོག ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། མཐའ་དོན་༸གོང་ས་མཆོག་གིས་ཆོས་ཞུར་བཅར་མཁན་ཚང་མར་ཐེངས་འདིར་གསུང་ཆོས་ཞུས་ནས་རང་རང་སོ་སོའི་ས་གནས་སུ་ཕྱིར་ལོག་བྱེད་སྐབས་སེམས་རྒྱུད་དུལ་བ་ཞིག་བྱེད་དགོས་པ་རེད། དེ་ལྟར་བྱུང་ན་གསུང་ཆོས་ཞུས་ནས་ཕན་ཐོགས་པ་རེད། གང་ཐུབ་འབད་བརྩོན་བྱེད་དགོས། ཞེས་བྱམས་བརྩེའི་བཀའ་སློབ་ཟབ་རྒྱས་ཕེབས་རྗེས་བདུན་ཕྲག་གཅིག་ཙམ་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་འཕྲོས་པའི་༸གོང་ས་མཆོག་གི་མཛད་འཕྲིན་དྲོ་འཇམ་ཉི་འོད་དང་སྦྲགས་སྟོན་འཁོར་རྣམས་རྒྱ་གར་ཤར་ཕྱོགས་མངའ་སྡེ་ནུབ་བྷང་ག་ལ་སྟེ་རྒྱལ་ས་ཀལ་ལི་ཀ་ཏར་ཆིབས་ཞལ་བསྒྱུར་བ་བཅས་ས་གནས་ནས་འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་གྱི་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ནས་བཏང་འབྱོར་བྱུང་བ་སྙིང་བསྡུས་སུ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་