༢༠༡༠ ཕྱི་ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་༸ཞབས་སོར་འཁོད་སྐབས་སེ་ར་བླ་སྤྱིའི་ཕེབས་གདོང་མཛད་སྒོའི་སྐུ་མགྲོན་གྲས་དགེ་བཤེས་བློ་གྲོས་རྒྱ་མཚོ་ཡང་ཡོད་འདུག་པས་བདེ་སྲུང་བཀའ་བློན་ནས་སེ་ར་བླ་སྤྱིའི་འབྲེལ་ཡོད་ལས་བྱེད་ལ་བར་ལམ་དགེ་བཤེས་བློ་གྲོས་རྒྱ་མཚོའི་སྐོར་གནས་ཚུལ་འདྲ་མིན་གོ་ཐོས་ཡོང་འདུག་སྟབས། ཁོང་སྐུ་མགྲོན་གྲས་མགྲོན་འབོད་གནང་དགོས་ཀྱི་གནས་སྟངས་ཇི་ཡིན་བཀའ་བརྩད་གནང་ཞིང་། དེ་རྗེས་ཕྱི་དྲོ་དགེ་བཤེས་བློ་གྲོས་རྒྱ་མཚོ་བཀའ་བློན་སར་ངོ་ཕེབས་ཀྱིས་ཡིག་ངག་གཉིས་ཐོག་ནས་ཁོང་རང་དེ་སྔ་གྲྭ་མང་སྤྱི་མཚུངས་དོལ་རྒྱལ་བསྟེན་གསོལ་མི་བྱེད་པའི་མནའ་སྐྱེལ་དམ་འཇོག་ཟིན་པ་དང་། ༸གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་ཡིན་ལུགས་སུ་ལའང་བཤད་མྱོང་མེད་ཅིང་། ཉེ་ཆར་ཡིག་འཁྱམ་ཞིག་གི་ནང་དུའང་ཁོང་གངས་ཅན་བླ་མ་དང་འབྲེལ་བ་ཡོད་ཚུལ་སོགས་མི་བདེན་རྫུན་སྒྲིག་མང་དག་བྱས་འདུག་ན་དེ་དག་གཙང་མ་བཟོ་ཕྱོགས་ཇི་དགེ་ལམ་སྟོན་ཡོང་བ་སོགས་ཞུས་པར། བདེ་བཀའ་མཆོག་ནས་སྤྱི་ཚོགས་ནང་གླེང་ལྷག་བྱུང་བའི་དྭོགས་སེལ་དོ་བདག་རང་ཉིད་ནས་གནང་དགོས་སྐོར་ཡིག་ངག་གཉིས་ཐོག་ནས་ལམ་སྟོན་གནང་བ་བཞིན་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༦ ཉིན་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༦ པའི་ནང་དགེ་བཤེས་བློ་གྲོས་རྒྱ་མཚོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོང་༸གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་ཡིན་སྐོར་ཨོས་ཀྲེ་ལི་ཡར་ཡོད་པའི་ཆོས་ཚོགས་ཤིག་ནས་ཁྱབ་སྤེལ་བྱས་པའི་མགྲོན་ཤོག་ནང་བཀོད་ཐོན་བྱུང་ཡོད་པ་དེ་ནི་ཆོས་ཚོགས་དེས་ནོར་འཁྲུལ་ཕྱིན་པ་ལས་ཁོང་རང་གི་བཀའ་གནང་མེད་ཚུལ་སོགས་བཀོད་འདུག་པ་ཀུན་གྱིས་གཟིགས་གསལ་ལྟར་དང་། འདིའི་སྐོར་བདེ་སྲུང་ལས་ཁུངས་ནས་དགེ་བཤེས་བློ་གྲོས་རྒྱ་མཚོ་ཉེས་མེད་དག་གཙང་ཡིན་པའི་གསལ་བསྒྲགས་དགོས་ཚུལ་ཡང་ཡང་ནན་ཞུ་བྱུང་དོན་ལྟར་འདི་ནས་གསལ་བཤད་ཞུ་རྒྱུ་གཤམ་གསལ། ཨོས་ཀྲེ་ལི་ཡའི་ཆོས་ཚོགས་ཀྱི་མགྲོན་བརྡ་ལོ་གཉིས་ལྷག་ཙམ་གོང་གསལ་བསྒྲགས་བྱས་འདུག་ཀྱང་དགེ་བཤེས་ཀྱིས་ད་བར་མཁྱེན་རྟོགས་མེད་ཚུལ་གསུངས་པ་མ་ཟད། ད་ཆ་དགོངས་སེལ་ཡང་ཞུས་ཟིན་ཚུལ་གསལ་བ་ལྟར། Subiaco StillPoint Health and Wellnessགྱིས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ འཁོད་པའི་དགོངས་སེལ་ཡི་གེ་ཞིག་འདུག་ཀྱང་། དྲྭ་རྒྱ་ www.balancecentre.com.au hP- www.iispublishingindia.com ནང་ད་ལྟའང་ཁོང་༸གོང་ས་མཆོག་གི་སྐུ་ཚབ་ཡིན་གནས་རང་སོར་གནས་འདུག་པ་བཅས་ཡིག་ཆ་ཁག་འདི་མཉམ་བཀོད་ཡོད་པ་ལྟར་ཚང་མས་ཐུགས་ཞིབ་ཀྱིས་ དགོངས་དཔྱད་གནང་ཕྱོགས་དགོས་པའི་གསལ་བསྒྲགས་སུ། བོད་གཞུང་བདེ་སྲུང་ལས་ཁུངས་ནས་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢ ལ།། །།