༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཁྱེད་རང་ཚོ་འདི་གར་འབྱོར་བ་རྣམས་བོད་ནས་ཆེད་མངགས་གནས་སྐོར་དང་ཆབས་ཅིག་ང་ཚོ་ཐུག་པར་ཡོང་བ་རེད། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་དང་སྦྲགས་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། ང་ཚོ་ཐུག་ས་དེ་ཡང་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཐུག་རྒྱུ་བྱུང་བར་མ་ཟད། ཉིན་ཤས་རིང་ཆོས་འབྲེལ་བྱེད་པ་དང་སྐབས་འཁེལ་བ་ཧ་ཅང་ཡག་པོ་བྱུང་། ཁྱེད་རང་ཚོ་འདི་དག་བོད་གངས་ཅན་གྱི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆ་ཤས་ཆགས་ཡོད་པ་དང་། དུས་ད་ལྟ་བར་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་རུས་ཞེན་དེ་དག་ཧ་ལས་དགོས་པ་ཞིག་རེད་འདུག དེས་འཛམ་གླིང་གིས་དོ་སྣང་བྱེད་དགོས་པ་ཞིག་དང་། རྒྱ་ནག་གཞུང་དང་རྒྱ་ནག་གི་མི་མང་པོ་ཞིག་རླུང་ལངས་དགོས་པ་བྱུང་ཡོད། གང་ལྟར་བོད་པའི་ཐོག་ལ་དོ་སྣང་བྱེད་དགོས་པ་ཞིག་བྱུང་ཡོད། བོད་རྒྱ་ཆེའི་མི་མང་སེམས་ཤུགས་དང་སྙིང་སྟོབས་ཧ་ཅང་ཆེན་པོ་རེད་འདུག ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆ་ཤས་ཡིན་དུས་ངོས་ཀྱིས་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་ནི་ང་ཚོའི་དོན་གྱི་བདག་པོ་རེད། འདས་པའི་གནས་ཚུལ་ལ་ཆ་བཞག་ན་དུས་ད་ལྟ་བར་བོད་ཅེས་འཛམ་གླིང་འདིའི་སྟེང་ལ་ད་དུང་ཡང་དོ་སྣང་སླེབ་རྒྱུ་ཞིག བོད་མི་རིགས་ཞེས་གནས་ཡོད་པ་འདི་གཞིས་ལུས་རྒྱ་ཆེའི་མི་མང་གིས་རང་འཚོ་ཟིན་ནས་བསྡད་པ་ལས་བྱུང་བ་ཡིན། མ་འོངས་པར་ཡང་བོད་གངས་ཅན་པ་ཞེས་པ་འདི་གནས་དང་མི་གནས་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གིས་བྱ་སྤྱོད་ལ་རག་ལུས་ཡོད། དེ་འདྲ་ཡིན་དུས་དོན་གྱི་བདག་པོ་ཡིན། གཉིས་ནས་ང་ཚོ་འདི་དག་ནི་བཙན་བྱོལ་བ་ཆགས་ཏེ་རང་གི་ལུང་པ་མེད་པའི་མི་ལྟ་བུ་ཡིན། འོན་ཀྱང་ང་ཚོ་རང་དབང་ངང་གནས་སྡོད་བྱས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ལ་རང་དབང་མེད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ཁྱེད་རང་ཚོས་སོ་སོའི་སེམས་ཤུགས་བརྟན་པོ་བྱས་ཏེ་བསྡད་པ་དངོས་གནས་རྩ་བ་ཆེན་པོ་ཡིན། ང་ཚོ་བོད་ཅེས་འདི་ལུང་པའི་ཆ་ནས་བྱས་ན་དངོས་པོ་ཡར་རྒྱས་མེད་པའི་སྐྱོ་པོ་དང་རྗེས་ལུས་ཡིན། འོན་ཀྱང་བོད་གངས་ཅན་ཡུལ་གྱི་སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་འཛམ་གླིང་འདིའི་སྟེང་གཞན་ལ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་སྤུས་དག་པོ་ཞིག་ང་ཚོ་བོད་ལ་ཡོད།
ངོས་རང་རྒྱ་གར་དུ་སླེབས་ནས་མི་འདྲ་མིན་མང་པོ་ཐུག་པ་དང་། ནང་པའི་ལུང་པ་ཁག་འགའ་ཤས་ལ་བསྐྱོད་པ་ཡིན། དེ་འདྲའི་སྐབས་སུ་ང་ཚོ་ནང་ཁུལ་ཕན་ཚུན་སྐད་ཆ་ཤོད་སྐབས་དངོས་གནས་ང་ཚོ་བོད་པར་ཕྱོགས་གཅིག་ནས་ཡི་གེ་ཡོད་པ་ཡིན། འཛམ་གླིང་གི་ས་གནས་ཁག་ཏུ་མི་རིགས་འདྲ་མིན་མང་པོ་ཞིག་ཡོད་པ་དེ་དག་གིས་དེང་སང་གི་དུས་འདིར་སོ་སོའི་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཞེས་དོ་སྣང་དང་འབད་བརྩོན་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར་མི་མང་པོ་ཞིག་གིས་ངོས་རང་ཐུག་པར་ཡོང་གི་འདུག ངོས་ནས་ཁྱེད་རང་ཚོར་ཡི་གེ་ཡོད་དམ་ཞེས་སྐད་ཆ་འདྲི་སྐབས། མང་ཆེ་བར་ཡི་གེ་མི་འདུག ང་ཚོ་བོད་པར་ཡི་གེ་ཡོད་པར་བརྟེན། གཞི་ནས་སོ་སོའི་མི་རིགས་ལ་ཡི་གེ་ཡོད་པ་དེས་སེམས་ནང་སྤོབས་པ་ཞིག་སླེབས་ཡོང་གི་འདུག འཛམ་གླིང་གི་མི་རིགས་མང་པོ་ཞིག་ལ་སོ་སོའི་ངག་ལབ་ཀྱི་རྒྱུན་འཛིན་རྒྱུ་ལས་ལོ་རྒྱུས་ཀྱི་ཡི་གེ་ཡོད་པ་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་ང་ཚོ་ལ་བོད་ཡིག་ལོགས་སུ་ཡོད་པ་དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་དང་། གཉིས་ནས་ཡི་གེ་དེའི་ནང་བསྒྱུར་པའི་སངས་རྒྱས་ཀྱི་ཆོས་བཀའ་འགྱུར་པུ་ཏི་ ༡༠༠ ཙམ་དང་བསྟན་འགྱུར་པུ་ཏི་ ༢༢༠ ཙམ་ཞིག་ཡོད་པ་ཡིན། དངོས་གནས་རྒྱ་གར་གྱི་མཁས་པ་རྣམ་དཔྱོད་ཅན་ཚོས་བརྩམས་པའི་ལེགས་བཤད་གལ་ཆེ་བ་མང་པོ་ཞིག་བོད་ཡིག་ནང་ཡོད། ང་ཚོ་བོད་པ་ཞིག་གིས་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་དགོས་བྱུང་ན། ལེགས་སྦྱར་དང་པ་ལིའི་སྐད་བསླབ་མི་དགོས་པར། སོ་སོའི་ཡི་གེའི་ཐོག་ནས་བསླབ་ཆོག་པ་ཁ་ཟས་ལྟ་བུ་ཟས་ཆོག་འཐུང་ཆོག་ཡོད་པ་ཡིན། ལེགས་སྦྱར་གྱི་ཡི་གེ་ནི་འཛམ་གླིང་འདིའི་ཐོག་ཡི་གེ་ནི་རྙིང་ཤོས་ཀྱི་གྲས་ཏེ་སྐད་ཡིག་ཚད་མཐོ་པོར་རྩི་གི་འདུག ལེགས་སྦྱར་ནང་ཡོད་པའི་ནང་པའི་ལྟ་གྲུབ་དང་རིག་གནས་བོད་ཡིག་ནང་ཡིག་འབྲུ་དང་ཡིག་འབྲུ་བྱས་ཏེ་དོན་དག་བསྒྱུར་པ་དེ་དག་ཧ་ཅང་སྤུས་དག་པོ་ཡོད། ནང་པའི་གཞུང་ལེགས་སྦྱར་ནང་ཡོད་པ། དེ་དག་རྒྱ་ཡིག་ནང་བསྒྱུར་པ་དང་བོད་ཡིག་ནང་བསྒྱུར་པ་གཉིས་དང་བསྡུར་སྐབས་བོད་ཡིག་ནང་བསྒྱུར་ཡོད་པ་དེ་དག་སྤུས་དག་པ་ཟེར་གྱི་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་པའི་ཡི་གེ་དེ་ཧ་ཅང་ཕྱུག་པོ་ཡིན་འདུག འོན་ཀྱང་དེང་དུས་ཀྱི་ཤེས་ཡོན་ནང་ལ་ང་ཚོའི་བོད་ཡིག་དེ་ཡར་རྒྱས་འགྲོ་ཐུབ་མེད། དེ་ནི་ང་ཚོ་དོ་སྣང་ཆུང་སྐྱོན་གྱི་དེང་དུས་ཀྱི་རིག་གསར་ཤེས་ཡོན་ནང་བོད་ཡིག་དང་བོད་སྐད་ཡར་རྒྱས་འགྲོ་བ་གོ་སྐབས་མ་བྱུང་བ་ལས་རྩ་བའི་བོད་ཀྱི་སྐད་དང་ཡི་གེ་ཕྱུག་པོ་དང་ཧ་ཅང་ཡག་པོ་ཡིན་འདུག དེ་འདྲའི་ཆ་ནས་བསམ་བློ་གཏོང་སྐབས་ང་ཚོ་སྤོབས་པ་སྐྱེ་གི་འདུག ང་རང་ཚོ་བོད་མི་རིགས་ལ་གོ་སྐབས་བྱུང་ན་ང་ཚོའི་རིག་པ་རྣོ་པོ་ཡིན་འདུག འདས་པའི་དུས་སུ་བོད་ལ་ནང་ཆོས་མ་དར་གོང་རྒྱ་ནག་ལ་དར་ཏེ་དུས་ཡུན་ཕལ་ཆེར་ལོ་སྟོང་ཕྲག་གཉིས་ཙམ་འགྲོ་གི་ཡོད། བོད་ལ་ནང་ཆོས་དུས་རབས་བདུན་པ་བརྒྱད་པའི་ནང་ནས་དར་བར་བརྟེན་དུས་ཚོད་ཐུང་བ་ཡོད། ཐེག་ཆེན་གྱི་གཞུང་གཅིག་པ་ཡིན། མི་འབོར་གྱི་ཆ་ནས་ང་ཚོ་མི་འབོར་ཉུང་བ་ཡོད། ཡིན་ནའང་ནང་པའི་ལྟ་གྲུབ་ཐོག་ལེགས་བཤད་རྩོམ་མཁན་ང་ཚོ་བོད་པ་ཕལ་ཆེར་མང་བ་མེད་དམ་བསམ་གྱི་འདུག ཁ་སྔོན་ཡང་བརྗོད་པ་ཡིན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་སྙིང་པོ་ཧིན་རྡིའི་ནང་བསྒྱུར་ཡོད་པ། སྒྱུར་མཁན་ཡང་རྒྱ་གར་གྱི་ལེགས་སྦྱར་སྐད་ཡིག་ལ་མཁས་པ་རེད། ངོས་ཀྱིས་ཁོང་ལ་སྐད་ཆ་དྲིས་ཏེ་ཁྱེད་རང་གིས་བསྟན་བཅོས་དེ་བསྒྱུར་པ་རེད། བསྟན་བཅོས་མཛད་པ་པོ་དེ་རྒྱ་གར་གྱི་དཔལ་ན་ལེཎྡྲའི་མཁས་པའི་གྲས་སུ་ཚུད་པ་འདུག་དང་མི་འདུག་ཅེས་བརྗོད་པར་ཁོང་གིས་ཐེ་ཚོམ་མེད་པར་ན་ལེཎྡྲའི་མཁས་པའི་གྲས་སུ་ཚུད་པར་མ་ཟད། མཁས་པའི་ཡང་རྩེ་ཆགས་པ་འདུག་ཅེས་བརྗོད་བྱུང་། ང་ཚོ་བོད་པའི་ཀླད་པ་དེ་ཧ་ཅང་གྲུང་པོ་ཡོད་འདུག ཕལ་ཆེར་ནང་པའི་ཡུལ་ཁག་ལ་ནང་ཞིབ་འཇུག་བྱས་ན། བཀའ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་སྙིང་པོ་བསྡུས་ཏེ་རྩོམ་མཁན་ཕལ་ཆེར་ང་ཚོ་བོད་པ་ཡག་ཤོས་ཡིན། ང་ཚོ་བོད་མི་རིགས་སྤོབས་པ་བྱེད་ཆོག་པ་ཡིན། ང་ཚོའི་བོད་ལ་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ཆབ་སྲིད་ཀྱི་འཕོ་འགྱུར་མང་པོ་བྱུང་ཡོད། འོན་ཀྱང་རྩ་བ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་མིའི་རྣམ་དཔྱོད་འདིས་བོད་མི་རིགས་གཅིག་ཏུ་བསྒྲིལ་ནས་ལོ་སྟོང་ཕྲག་གི་རིང་ང་ཚོ་བོད་གངས་ཅན་པ་ཞེས་ཆབ་སྲིད་ཀྱི་གནས་ཚུལ་ཇི་ལྟར་ཡང་། ཆོས་དང་རིག་གཞུང་གི་ཐོག་ང་ཚོ་གཅིག་གྱུར་བྱས་ནས་བསྡད་ཡོད། དུས་ད་ལྟ་ཡང་དཀའ་ངལ་ཇི་ཙམ་འཕྲད་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་བརྟན་པོ་གནས་ཡོད། གཉིས་ནས་ང་ཚོ་བོད་མི་རིགས་ཆུང་བྱིས་པའི་སྐབས་ནས་སངས་རྒྱས་ཆོས་ཀྱི་བག་ཆགས་ཤུགས་ཆེན་པོ་ཞིག་ཡོད་སྟབས། ང་ཚོའི་རང་དབང་འཐབ་རྩོད་འདི་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་བྱས་ན་ང་ཚོར་ཧ་ཅང་རན་པོ་ཡོད་པར་མ་ཟད། ལག་ལེན་ཡང་འཁེལ་ཐུབ་པ་ཡིན། འཛམ་གླིང་གི་མི་རིགས་མང་པོ་ཞིག་འུ་ཐུག་སྐབས་ཁ་ནས་ཞི་བདེ་ཟེར་བཞིན་འཚེ་བའི་ལམ་ལ་འགྲོ་གི་ཡོད། ང་ཚོ་བོད་ཀྱི་རྒྱ་ཆེའི་གཞིས་ལུས་མི་མང་རྣམས་ཀྱིས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་འགྲོ་གི་ཡོད་པ་ནི་ཧ་ཅང་རླབས་ཆེན་པོ་ཡིན། དེ་ཡང་ང་ཚོའི་གོམས་གཤིས་ལ་འཚེ་བ་མེད་པའི་སངས་རྒྱས་ཀྱི་ལྟ་སྤྱོད་ཤུགས་ཆེན་པོ་ཞིག་ཡོད་པ་དེའི་ནུས་པ་མཚོན་པ་ཡིན། དེང་སང་འཛམ་གླིང་ཐོག་གི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་ཁྱེད་རང་བོད་པ་ཚོས་བདེན་པའི་འཐབ་རྩོད་བྱེད་སྟངས་དེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་གི་འདུག་སྟབས། ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་ཟེར་མཁན་མང་པོ་ཡོང་གི་འདུག རྒྱ་རིགས་ནང་ནས་དེ་རིང་ཁ་སང་དོ་སྣང་དང་ཞིབ་འཇུག་བྱེད་མཁན་མང་པོས་བོད་པར་དགའ་པོ་བྱེད་ཀྱི་འདུག དེ་བཞིན་བོད་པའི་ཆོས་དང་རིག་གཞུང་གོམས་གཤིས་ལ་དགའ་པོ་བྱེད་མཁན་དེང་སང་རྒྱ་རིགས་ནང་ཇེ་མང་ཇེ་མང་དུ་འགྲོ་གི་འདུག དེ་དག་ནི་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་བའི་གཞི་རྩ་ཞིག་དང་དྲང་བདེན་གྱི་ཞུམ་མེད་དུ་གནས་ཏེ་སྙིང་སྟོབས་སྐྱེ་བའི་གཞི་རྩ་བཅས་ཀྱང་ཡིན། ཁྱེད་རང་ཚོ་ཚང་མས་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་སྤོབས་པ་བྱེད་ཆོག་པ་ཡིན། འཚེ་བ་མེད་པའི་ལམ་ལ་བརྟེན་པའི་འཐབ་རྩོད་ནི་ཤེས་ཡོན་གྱི་ཐོག་ནས་བྱེད་དགོས་པས་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་པ་དེང་དུས་ཀྱི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་ཡོད། སྔོན་གྱི་མི་ཐོག་གོང་མ་ཚོའི་དུས་ལྷོད་གཡེང་ཆེན་པོ་བཏང་འདུག ང་ཚོ་ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་པ་དང་། ཕྱི་ལོ་ ༡༩༥༩ ལོའི་ལོ་མཇུག་གམ་ ༡༩༦༠ ལོའི་ལོ་མགོ་དེ་འདྲ་ཞིག་ལ་ང་ཚོས་ཐོག་མར་མ་སུ་རིར་སློབ་གྲྭ་ཞིག་བཙུགས་པ་ཡིན། གང་ལྟར་ང་ཚོས་ལོ་གཅིག་གི་ནང་ཚུད་ལ་སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེན་པོ་བརྩིས་ཏེ་ལས་ཀ་འགོ་བཙུགས་པ་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ནའང་། ཤེས་ཡོན་ཐོག་ལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། གཞུང་གིས་བཙུགས་པའི་སློབ་གྲྭ་མཚན་ཉིད་ཚང་མིན་གང་ཞིག་ཡིན་རུང་ཕྲུ་གུ་སློབ་གྲྭར་གཏོང་དགོས། དེ་ཚོའི་ནང་ཐ་ན་བོད་ཡིག་བསླབ་རྒྱུ་མེད་ཀྱང་སྐྱོན་མེད། ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་མི་སྒེར་པ་དེ་འདྲ་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡས་མས་ལ་སློབ་གྲྭ་བཙུགས་འདུག་པ་དེ་ཚོའི་གྲས་ཧ་ཅང་ཡག་པོ་ཡིན་པས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ང་ཚོས་ཤུགས་སྒྲིལ་ས་དེ་ཤེས་ཡོན་ཐོག་ལ་ཤུགས་བསྒྲིལ་རྒྱུ་གལ་ཆེན་པོ་རེད། དེ་ཡང་དེང་དུས་ཀྱི་ཤེས་ཡོན་རྐྱང་པ་སྦྱང་པ་ཡིན་ན་དེ་ནི་བོད་པ་ཕྱེད་ཀ་ལྟ་བུ་ཡིན། དེར་བརྟེན་ང་རང་ཚོར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་ཤིག་ཡོད་པ་དེ་ལ་ང་ཚོས་དོ་སྣང་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་ཞེས་ངོས་ཀྱིས་རྟག་པར་ཤོད་ཀྱི་ཡོད། ང་ཚོ་བོད་པ་ནང་པ་ཡིན། སྐྱབས་སུ་མཆི་ཞེས་བརྗོད་པ་དེ་གཅིག་པུས་ཆོག་ཤེས་ནས་མ་བསྡད་པར་ནང་ཆོས་ཞེས་པ་འདི་གང་འདྲ་ཡིན། དེ་ལ་དོ་སྣང་བྱས་ཏེ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་ཞེས། ངོས་ཀྱིས་རྟག་པར་འབོད་སྐུལ་བྱེད་ཀྱི་ཡོད། སྤྱིར་བཏང་ང་ཚོ་བཙན་བྱོལ་བའི་ནང་ལ་ཆ་བཞག་ན། དེང་སང་ཁྱིམ་པ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་བགྲོ་གླེང་དང་སློབ་སྦྱོང་བྱས་ཏེ། ས་ཆ་ཁ་ཤས་ལ་ཁྱིམ་པ་ཕོ་མོ་ཚོས་ཀྱང་རྟགས་གསལ་གཏོང་གི་ཡོད། སྔོན་ལོ་ཞིག་ནས་རྡ་སར་སློབ་ཕྲུག་ཚོ་དུས་ལ་ཐུག་གི་ཡོད། ན་ནིང་སློབ་ཕྲུག་ཚོ་ཐུག་སྐབས་རྡ་སའི་རྒན་འཁོགས་ཁ་ཤས་ཀྱིས་རྟགས་གསལ་སྤྱན་འབུལ་ཞུ་བསྟར་ཆོག་པ་ཞེས་བརྗོད་བྱུང་། འགྲིག་གི་རེད་ཅེས་བརྗོད་པ་ཡིན། ཁོ་ཚོ་སྤོ་བོ་རྨོ་བོ་ཁ་ཤས་ཤིག་གིས་རྟགས་གསལ་བཏང་སོང་། སྤོ་བོ་གཅིག་ནི་མགོ་དཀར་པོ་དང་སྤོ་བོ་གཅིག་ནི་མགོ་དམར་པོ་རེད་འདུག རྟགས་གསལ་ཡག་པོ་བཏང་སོང་། དེ་ནས་སྐྱེ་དམན་ཞིག་གིས་རྟགས་གསལ་བཏང་སོང་། ཕལ་ཆེར་མི་ཁ་ཤས་རྣམ་རྟོག་ཟ་མེད་དམ། སྤོ་བོ་རྨོ་བོ་དེ་འདྲས་ཀྱང་རྟགས་གསལ་གཏོང་གི་འདུག་ཅེས་རྣམ་རྟོག་བྱ་རྒྱུའི་ཉེན་ཁ་ཡོད། དོན་དངོས་ཐོག་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ལེགས་སྐྱེས་ཕུལ་བ་ཞིག་ཡིན། རིགས་ལམ་གྱི་འགྲོ་སྟངས་ནི་རྩ་བ་ཕྱོགས་གླང་དང་ཆོས་གྲགས་ཁོང་རྣམ་པས་ཐོག་མར་ལམ་སྟོན་གནང་བ་ཞིག་ཡིན་ཡང་། རིག་པའི་འགྲོ་སྟངས་མང་པོ་ཞིག་བོད་ཀྱི་ཆ་པ་ཆོས་ཀྱི་སེངྒ་དེ་ཚོའི་སྐབས་ནས་རིགས་ལམ་གྱི་འགྲོ་སྟངས་གསར་གཏོད་གནང་བ་མིན་ནམ་སྙམ། དེ་ནི་ང་ཚོ་བོད་མི་རིགས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་པར་བརྟེན་ང་ཚོས་བདག་པོ་རྒྱག་དགོས་པ་ཡིན། དེ་ནི་གྲྭ་པ་སྤྱི་དང་དེའི་ནང་ནས་མཚན་ཉིད་པ་གཅིག་པུར་འགན་འཁྲིས་པ་ལྟ་བུ་མིན། ང་རང་ཚོ་མང་ཚོགས་རང་གི་ངོས་ནས་དེ་ལྟར་སློབ་སྦྱོང་བྱ་རྒྱུར་དོ་སྣང་ཆེ་ཙམ་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་རང་ཚོ་བོད་པའི་སྤྱོད་ལམ་དང་གཤིས་ཀ་དེ་ལ་ཆ་བཞག་ན། རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་བློ་གཟུ་བོར་གནས་པ་མང་པོ་ཞིག་གིས་བོད་པ་ཞེས་པ་འདི་སེམས་པ་བཟང་པོ་སྙིང་རྗེ་ཅན་དང་། ཡ་རབས་ཡག་པོ་འདུག་ཅེས་དགའ་པོ་བྱེད་ཀྱི་འདུག རྒྱ་གར་གྱི་ས་ཆ་ནང་དཔེར་ན། རྡ་རམ་ས་ལར་ཆ་གཞག་ན་མཐུན་རྐྱེན་འཛོམས་པོ་མེད་པའི་ས་ཆ་གུ་དོག་པོ་དང་རྫོབ་པོ་ཞིག་ཡོད་ཀྱང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་བ་ཁོང་ཚོས་དགའ་པོ་བྱེད་པ་དང་། ཁོང་ཚོ་བོད་པའི་ཁྲོད་དུ་སྡོད་དུས་སྐྱིད་པོ་འདུག་ཟེར་གྱི་འདུག དེ་བཞིན་ང་ཚོའི་གཞིས་ཆགས་ཁག་གི་ཉེ་འཁོར་རྒྱ་གར་གྲོང་གསེབ་པ་དང་ལྷག་པར་གཞུང་གི་ལས་བྱེད་པ་ཚོས་བོད་མི་དེ་དག་ལ་སྒྲིག་ཁྲིམས་ཡོད་པ་དང་། ལས་ཀར་ཧུར་བརྩོན། དྲང་པོ་དྲང་བཞག་བྱེད་པ་བཅས་ཧ་ཅང་བསྟོད་བསྔགས་བྱེད་ཀྱི་འདུག བར་སྐབས་ནས་ཕྲན་བུ་གླེང་གཞི་ལྷག་པ་དཔེར་ན་བོད་པའི་ནང་ནས་ཁ་བསླུས་རྒྱག་མཁན་དང་སྡུག་ཆགས་བྱེད་མཁན་དེ་འདྲ་འདུག་ཅེས་བརྗོད་མཁན་ཕྲན་བུ་ཡོང་གི་འདུག སྔོན་མའི་བོད་པ་ཚོ་ཡག་པོ་འདུག་ཅེས་དགའ་པོ་བྱེད་ཀྱི་ཡོད། དཔེར་ན། བོད་པ་ཚོ་དགུན་ཁ་བལ་སྟོད་ཚོང་བར་འགྲོ་གི་ཡོད། བལ་སྟོད་ཨམ་བྷར་ས་ནས་ཉོ་སྐབས་རིན་འབབ་ལམ་སེང་ལག་སྤྲོད་བྱེད་མི་དགོས་པར་སྔ་འདོན་འཁྱེར་ཏེ་གཡས་གཡོན་དུ་ཚོང་བར་ཕྱིན། བཙོང་ཟིན་པ་དང་། བོད་པའི་ལོ་གསར་ཨམ་བྷར་སའི་ཚོང་བདག་དེ་ཚོའི་གྲས་བོད་པའི་གཞིས་ཆགས་ལ་ཡོང་ནས་ཚོང་རྩིས་རྒྱག་པ་དང་སྐུ་མགྲོན་ལྟ་བུ་བྱས་ནས་སྡོད་ཀྱི་ཡོད་པ་ཁ་ཤས་མཐོང་བྱུང་། གང་ལྟར་སྒོར་ཁྲི་འབུམ་གྱི་ཅ་དངོས་བོད་པས་སྐྱག་རྫུན་ཤོད་ཀྱི་མ་རེད། མགོ་སྐོར་གཏོང་གི་མ་རེད་ཅེས་བཟང་པོ་བློས་བཀལ་གྱིས་སྤྲོད་ཀྱི་ཡོད་པ་རེད། བོད་པའི་ངོས་ནས་ཀྱང་འགྱུར་བ་མེད་པར་ཁ་དན་ཚིག་ལ་གནས་པ་བྱེད་ཀྱི་ཡོད། དེ་འདྲའི་ཐོག་ནས་སྤྱིར་བཏང་རྒྱ་གར་ནང་བོད་པ་ཚོར་དགའ་པོ་བྱེད་ཀྱི་འདུག དེ་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་བོད་པ་གཞིས་ཆགས་ཡོད་ས་ཚང་མས་དགའ་པོ་བྱེད་ཀྱི་འདུག དཔེར་ན། སྐབས་ཤིག་ཨ་རི་གཞིས་ཆགས་ལེན་ཡོད་པ་ཞིག (Chicago) ཤི་ཀཱ་གོ་ཉེ་འཁྲིས་ལ་ཡིན་པ་ཡོད། བོད་པ་གཞིས་ཆགས་ལེན་མཁན་ས་གནས་དེའི་ཨ་རི་བ་འབྱོར་ལྡན་མི་དང་ཚོགས་པ་དེ་འདྲ་ཡོད། ཁོང་ཚོ་མི་ཁ་ཤས་ཀྱིས་ངོས་ལ་བརྗོད་པར་བོད་པ་ས་ཁུལ་དེར་གཞིས་ཆགས་སུ་ལེན་པ་ནི་བོད་པར་རོགས་པ་བྱས་པ་གཅིག་པུ་མིན། བོད་པའི་གཤིས་ཀ་བཟང་པོ་དེ་ཨ་རིའི་ཡུལ་པ་ཚོར་འཇགས་རོགས་བྱས་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཟེར་གྱི་འདུག དེར་བརྟེན་ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོ་ཡིན་ནའང་འདྲ། བོད་ནང་ཡོད་པའི་བོད་པ་ཚོ་ཡིན་ནའང་འདྲ། ཚང་མས་མི་གཤིས་བཟང་པོ་དང་། སེམས་པ་བཟང་པོ། ཡ་རབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། བོད་ནང་ཆ་བཞག་ན་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་དང་བོད་ནང་སྡོད་མཁན་གྱི་རྒྱ་མི་མང་པོ་ཡོད། རྒྱ་གཞུང་གི་སྲིད་བྱུས་ཐད་ང་ཚོས་རྒྱུ་མཚན་ལྡན་པའི་ཐོག་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་དགོས་པ་དེ་འདྲ་ཏན་ཏན་ཡོང་རྒྱུ་ཡང་། སྤྱིར་བཏང་མི་དང་མིའི་འབྲེལ་བའི་ཐད་ང་ཚོ་བོད་པའི་ཡ་རབས་དང་དྲང་པོའི་རྣམ་འགྱུར་དེ་ཡིན་གཅིག་མིན་རྒྱ་མི་གཅིག་ལས་མ་བྱུང་ཡང་ཁོང་ཚོའི་སེམས་ནང་ཚོར་བ་སླེབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། ཤེས་སོང་ངམ། ང་ཚོ་བོད་པའི་ངོས་ནས་རྣམ་འགྱུར་སྡུག་པོ་ལྟ་བུ་བསྟན་ཏེ་རྒྱ་མིའི་བློ་ཕམ་བྱུང་ན་ཡག་པོ་མེད། ང་ཚོ་བོད་པས་རང་བཞིན་གཤིས་ཀ་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་འདི་གཅིག་ཞུ་འདོད་བྱུང་། དེ་ནས་ངོས་ཀྱིས་ནམ་རྒྱུན་བོད་པ་ཚོར་བཤད་དོན་གཅིག་ནི་དེ་རིང་ཁ་སང་དཔལ་འབྱོར་ཕྲན་བུ་ཡར་རྒྱས་ཕྱིན་པའི་སྐབས་ལ་གླིང་ཁ་གཏོང་བ་དང་རྩེད་མོ་རྩེས་ནས་བསྡད་དེ་དངུལ་གསོག་འཇོག་མི་བྱེད་པར་བློ་སྣ་ཐུང་ཐུང་ལྟ་བུ་བྱེད་ཀྱི་འདུག དེ་འདྲ་བྱ་རྒྱུ་མེད། དངུལ་གང་ཐུབ་གསོག་འཇོག་གིས་དཔལ་འབྱོར་ཡར་རྒྱས་ཀྱི་མ་རྩ་ལྟ་བུ་བྱས་ཏེ་དངུལ་མང་ཙམ་བསགས་ནས་རྒྱ་ནག་གི་གྲོང་ཁྱེར་དེ་འདྲའི་ནང་ལ་བོད་པའི་ཟ་ཁང་དང་། སྨན་ཁང་། ཚོང་ཁང་དེ་འདྲ་འཛུགས་ཐུབ་ན་ཡག་པོ་ཡོད། བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་ཁག་ལས་རྒྱ་ནག་ནང་རང་དབང་ཆེ་བ་འདུག ཧྲང་ཧའེ་དང་ཧྲན་ཀྲན་ཟེར་བ་དེ་ཚོའི་ནང་གང་ཙམ་གྱི་རང་དབང་ཆེན་བ་ཡོད་པ་ལྟ་བུ་འདུག དེ་ཚོའི་ནང་བོད་པའི་ཟ་ཁང་དང་ཚོང་ཁང་ཟིན་ཐུབ་ན་གཉིས་ཀར་ཕན་ཐོགས་ཡོད། ངོ་ཤེས་པ་མང་པོ་ཡོང་བ་དང་དངུལ་ཡང་ཕྲན་བུ་བཟོ་ཐུབ། དངུལ་ཕྲན་བུ་བྱུང་ན་དེས་སློབ་གྲྭ་དང་སྨན་ཁང་བཙུགས་ཏེ་དངུལ་འཕྲོ་བརླག་མི་འགྲོ་བ་བྱེད་དགོས། ལྷག་དོན་ཤོ་སྦག་ལ་མགོ་འཁོར་ནས་སྡོད་པ་དེ་ཚོ་རྩ་ནས་ཡག་པོ་མིན། སྐབས་རེ་ཤོ་སྦག་དང་མ་ཅང་སོགས་ལ་རྒྱན་རྩེད་ཆེན་པོ་རྩེས་ཀྱི་ཡོད་པའི་སྐད་ཆ་ཕྲན་བུ་གོ་གི་འདུག དེ་ཡག་པོ་མ་རེད། ན་ནིང་ངོས་ལ་དྭགས་སུ་འགྲོ་སྐབས་ལ་དྭགས་ཀྱི་མངའ་སྡེའི་གཙོ་འཛིན་དང་ངོས་གཉིས་རླངས་འཁོར་ནང་ཁྱུག་ཙམ་མཉམ་དུ་འཁེལ་བ་དེ་སྐབས་ངོས་ཀྱིས་ཁྱེད་རང་ཚོ་ལ་དྭགས་ནང་ཡུལ་པ་ཚོས་ཆང་དང་ཨ་རག་བཏུང་སྟེ་རྙོག་དྲ་ཡོང་གི་ཡོད་མེད་སྐད་ཆ་དྲིས་པ་ཡིན། ཁོང་གིས་ལ་དྭགས་ནང་ཆང་འཐུང་མཁན་ཧ་ཅང་ཉུང་དུ་ཕྱིན་ཏེ་སྐྱོན་མེད། འོན་ཀྱང་ལ་དྭགས་ནང་མ་ཅང་རྒྱག་མཁན་ཕྲན་བུ་ཡོང་བ་དེ་བོད་པས་བསླབ་བྱུང་ཟེར་གྱི་འདུག ཅེས་བརྗོད་བྱུང་། ང་ཚོ་བོད་པ་ཚོས་དགེ་བའི་བཤེས་གཉེན་ཡག་པོ་བྱས་འདུག རང་ཉིད་ཀྱིས་མ་ཅང་བརྒྱབ་པ་ཙམ་དུ་མ་ཟད། ཡུལ་པ་ཚོ་ལའང་མ་ཅང་བསླབ་པ་དེ་ཚོའི་གྲས་རྩ་ནས་ཡག་པོ་མ་རེད། ཕྱི་རྒྱལ་དུའང་བོད་པ་རྒྱན་རྩེད་ཆེན་པོ་རྩེད་མཁན་དེ་འདྲ་ཕྲན་བུ་ཡོད་འདུག དེ་ཚོ་གྲས་རྩ་བ་ནས་ཡག་པོ་མིན་པས་གཟབ་གཟབ་བྱེད་དགོས། དེ་བཞིན་བི་ཅུའུ་ཟེར་བ་དེ་རིགས་མང་པོ་ཞིག་བཏུང་ན་སོ་སོའི་གཟུགས་པོར་གནོད་ཀྱི་ཡོད་པས་གཟབ་གཟབ་མ་བྱས་ཚེ། མཆིན་པ་འཕྲོ་བརླག་འགྲོ་བ་དང་གཟུགས་པོར་གནོད་སྐྱོན་བཟོ་གི་ཡོད་པས་ངེས་པར་དུ་གཟབ་གཟབ་བྱེད་དགོས། གལ་སྲིད་ཆང་འཐུང་བསམ་ན་ང་རང་ཚོའི་གནའ་རབས་ཀྱི་འབྲུ་ཆང་དེ་བཏུང་ན། སྨན་གཞུང་ནང་རླུང་ལ་ཕན་པ་བཤད་ཡོད་པས་འབྲུ་ཆང་དེ་ཕྲན་བུ་དྲག་པ་ཡོད་སྲིད། གཞན་སྦྱོར་སྡེབ་འདྲ་མིན་ཡོད་པ་དེ་ཚོ་གཟུགས་པོར་གནོད་པོ་ཡོད་པ་རེད་བརྗོད་ཀྱི་འདུག་པས་གཟབ་གཟབ་བྱེད་དགོས། དེ་བཞིན་ཐ་མག་ཚོད་མེད་འཐེན་པ་དེ་ཡང་ཡག་པོ་མིན། སྔ་མོ་ཕྱི་ལོ་ ༡༩༥༤ དང་ ༡༩༥༥ ལོར་ངོས་པེ་ཅིང་དུ་ཟླ་བ་ལྔ་དྲུག་ཙམ་སྡོད་སྐབས། མའོ་ཙེ་ཏུང་གིས་ཐ་མག་གཅིག་མཇུག་གཉིས་མཐུད་བྱས་ནས་འཐེན་གྱི་རེད། མའོ་ཙེ་ཏུང་གིས་ངོས་ལ་ཁྱེད་རང་ཚོ་གྲྭ་པས་ཐ་མག་མི་འཐེན་པ་དེ་ཡག་པོ་རེད། ཁོང་རང་ནི་ཐ་མག་རྩ་ནས་འཇོག་ཐུབ་ཀྱི་མི་འདུག དེ་གཟུགས་པོར་ཧ་ཅང་གི་གནོད་པོ་ཡོད་ཅེས་མའོ་ཙེ་ཏུང་གིས་ངོས་ལ་བརྗོད་མྱོང་། མཚམས་རེ་ཁ་ལག་གཏོང་དུས་མའོ་ཙེ་ཏུང་གིས་ངོས་ཁོང་རང་གི་འཁྲིས་ལ་ཤོག་ཟེར་གྱི་ཡོད། རྒྱ་མིའི་ལུགས་སྲོལ་ལ་ཁོའོ་རྩེས་ཚལ་ལེན་ཏེ་སྐུ་མགྲོན་གྱི་སྡེར་མའི་ནང་བླུགས་སྲོལ་ཡོད། མའོ་ཙེ་ཏུང་ཁོང་རང་གིས་ཁ་བརྒྱབ་པའི་ཁོའོ་རྩེས་ཚལ་ལེན་ཏེ་ངོས་ཀྱི་སྡེར་མའི་ནང་བླུག་པ་དེ་སྐབས་ངོས་ཕྲན་བུ་ཞེད་ཀྱི་ཡོད། མའོ་ཙེ་ཏུང་གློ་མང་པོ་རྒྱག་གི་ཡོད་པས་དེ་གློ་བའི་སྐྱོན་གྱིས་ཡིན་ན་ནད་འབུ་འདྲ་འགོས་མི་ཡོང་བསམ་ནས་ཞེད་ཀྱི་ཡོད། མའོ་ཙེ་ཏུང་གིས་ཁོང་རང་ཐ་མག་མང་པོ་འཐེན་གྱི་ཡོད་པ་དེ་སྐྱོན་དང་ཉེས་དམིགས་རེད་ཅེས་ཤོད་ཀྱི་ཡོད། རྒྱ་མིས་ཐ་མག་མང་པོ་འཐེན་གྱི་ཡོད། སྔོན་མ་པཎ་ཆེན་རིན་པོ་ཆེ་མཆོག་གིས་གསར་བརྗེ་ཡིན་མདོག་བྱས་ནས་ཐ་མག་འཐེན། ཞེས་གསུང་བཤད་ནང་སྐྱོན་བརྗོད་གནང་ཡོད། ཐ་མག་འཐེན། ཆང་བཏུང་། རྩེད་མོ་རྩེ་བ་སོགས་བྱས་ཏེ་དངུལ་འཕྲོ་བརླག་བཏང་བ་ལས་དངུལ་བདག་པོ་བརྒྱབ་ཏེ་ཉར་ཁ་ལག་ཞིམ་པོ་ཟས། སྤགས་དང་སྤགས་འདྲེས་ཡག་པོ་ཞིག་ཟས་ན་དེ་ཁེ་བཟང་རེད། ཅེས་བརྗོད་འདོད་བྱུང་། དེ་ནས་ང་ཚོས་ཁོར་ཡུག་གི་ཐོག་དོ་སྣང་བྱེད་དགོས། འགྱིག་ཤོག་རིགས་གང་སར་གཡུགས་པ་དེ་རྩ་ནས་ཡག་པོ་མིན། དེ་ཚོའི་གྲས་ལ་གཟབ་གཟབ་བྱེད་དགོས། དེ་ནས་རྒྱ་གར་ནང་ཆ་བཞག་ན་ང་ཚོ་སྤྱིར་བཏང་གི་སློབ་སྦྱོང་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར་མཐོ་རིམ་གྱི་སློབ་སྦྱོང་བྱེད་ཐུབ་པ་དགོས་ཞེས་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད། དེ་བཞིན་བོད་ནང་ལ་ཆ་བཞག་ནའང་ང་ཚོའི་བོད་ཕྲུག་སློབ་གྲྭར་འགྲོ་མཁན་ཚོའི་གྲས་རིག་པ་མེད་ན་བྱ་ཐབས་མེད། རིག་པ་ཡོད་པ་ཚོས་མཐོ་སློབ་ནང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དང་ཚད་མཐོའི་སློབ་སྦྱོང་ལ་འགྲོ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མདོར་ན་རྒྱ་མི་རིགས་སློབ་སྦྱོང་ཚད་མཐོ་པོར་སླེབས་ས་དེར་ང་ཚོ་བོད་པས་ཡིན་གཅིག་མིན་གཅིག་སླེབས་ཐུབ་པ་བྱེད་དགོས། ཕྱིན་ཆད་ང་ཚོས་ལས་ཀ་བྱེད་སྐབས་ཁ་ནས་མི་རིགས་འདྲ་མཉམ་ཞེས་བརྗོད་པ་ལྟར། དོན་ངོ་མ་ཤེས་ཡོན་གྱི་ཆ་ནས་ཀྱང་འདྲ་མཉམ་དུ་སླེབས་ཐུབ་པ་ང་རང་ཚོས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདི་ཁྱེད་རང་ཚོའི་སེམས་ལ་ཞོག གང་ལྟར་སློབ་སྦྱོང་ཐོག་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་ཤོད་འདོད་བྱུང་། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སར་ང་ཚོ་བོད་གངས་ཅན་པ་ཞེས་རྡོག་རྩ་ཆིག་སྒྲིལ་དང་དམ་ཚིག་ཧ་ཅང་མཐུན་པོ་འདུག་པར་རྗེས་སུ་ཡི་རང་ཡོད། དེ་བཞིན་ཆོས་བརྒྱུད་ཁག་ཆ་བཞག་ནའང་། བོད་ནང་ས་དགེ་བཀའ་རྙིང་། ཇོ་ནང་། བོན་དང་བཅས་པའི་ཆོས་བརྒྱུད་ཚང་མ་ཐུགས་སྣང་སྣོད་གཅིག་དམ་ཚིག་ཆིག་སྒྲིལ་ཧ་ཅང་འདུག དེ་ནི་གལ་ཆེན་པོ་ཡིན། སྔ་མོ་ང་ཚོ་སྐབས་རེ་ཆོས་ལུགས་དང་གྲུབ་མཐའི་འཐེན་འཁྱེར་ཡོང་གི་ཡོད། འདི་ཁུལ་རང་དབང་ལུང་པའི་ནང་ལའང་འགོ་སྟོད་ལ་དེ་འདྲ་ཕྲན་བུ་བྱུང་ཡོད། ཕྱི་རྒྱལ་གྱི་མིའི་ནང་དུའང་ཆོས་ལུགས་འཐེན་འཁྱེར་བྱེད་མཁན་དེ་འདྲ་ཡོང་གི་འདུག ངོས་ཀྱིས་ཁོང་ཚོར་ནང་པའི་ཆོས་བརྒྱུད་ས་དགེ་བཀའ་རྙིང་ཚང་མ་སྟོན་པ་གཅིག་གི་རྗེས་འབྲངས་པ་རེད། དེ་འཐེན་འཁྱེར་བྱ་རྒྱུ་མེད། ཅེས་བརྗོད་དུས་ཁོང་ཚོས་སོ་སོའི་ཆོས་ལུགས་དེ་ཡག་ཤོས་རེད། ཅེས་བོད་པའི་བླ་མ་ཚོས་ཟེར་གྱི་འདུག ཅེས་བརྗོད་ཀྱི་འདུག ཆོས་ལུགས་དང་གྲུབ་མཐའི་ཕྱོགས་རིས་ཀྱི་འཐེན་འཁྱེར་སྐབས་རེ་ཡོང་གྲབས་བྱེད་པ་དེ་ཚོའི་གྲས་མི་དགོས་པ་ཡིན། བོད་ནང་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་ཡོད་འདུག ད་དུང་ཚང་མ་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདས་པའི་ལོ་ ༥༠ དེའི་རིང་ལ་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་ནས་ཧ་ཅང་སྙིང་སྟོབས་ཆེན་པོས་སོ་སོའི་མི་རིགས་ཀྱི་བདེན་པའི་ཐོབ་ཐང་རྩོད་དེ་བསྡད་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོས་ཀྱང་འདས་པའི་ལོ་ ༥༠ རིང་བོད་མིའི་སྤྱིའི་མཚན་མཐོང་ལ་རྒྱ་དགུང་དུ་འདེགས་པ་སོགས་གང་ཙམ་གྱི་གྲུབ་འབྲས་ཐོན་ཡོད། དེ་ལུགས་ང་ཚོ་ཚང་མས་བློ་སྤོབས་ཀྱིས་སེམས་སྐྱིད་པོ་བྱས་ནས་སྡོད། རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་དང་འགྲོ་བཞིན་པ་རེད། ད་ལྟའི་རྒྱ་ནག་དེ་ལོ་སུམ་ཅུ་བཞི་བཅུའི་གོང་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་ཡོད། ད་དུང་མུ་མཐུད་འགྱུར་བ་འགྲོ་རྒྱུ་ལས་རྒྱབ་ཤིག་རྒྱག་ས་མེད། རྒྱ་ནག་ཤེས་ཡོན་ཅན་མང་པོ་ཞིག་གིས་གཅིག་སྡུད་ལམ་ལུགས་ཀྱི་ཕྱི་གསལ་ནང་གསལ་མེད་པ་དེར་སྐྱོན་བརྗོད་བྱེད་ཀྱི་འདུག རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་གི་རེད། རྒྱ་ནག་ནང་གཏམ་བརྗོད་རང་དབང་གི་ཕྱི་གསལ་ནང་གསལ་གྱི་གནས་ཚུལ་བྱུང་བ་དང་། ང་ཚོ་བོད་ཀྱི་བདེན་དོན་ཡང་གསལ་པོ་ཆགས་ན་རྒྱ་ནག་མི་མང་གིས་ང་ཚོར་ཏན་ཏན་རྒྱབ་སྐྱོར་བྱེད་ཀྱི་རེད། དེ་སྔོན་ངོས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ལ་འགྲོ་སྐབས། པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གནས་ཚུལ་བྱུང་མ་ཐག་ཡིན་པས་ལས་འགུལ་དེར་ཐེ་གཏོགས་ཡོད་མཁན་མི་དགེ་རྒན་དང་ཤེས་ཡོན་ཅན་ཚུར་བྲོས་བྱོལ་ཡོང་མཁན་ཉི་ཤུ་སུམ་ཅུ་ཙམ་ཞིག་ཐུག་སྟེ་སྐད་ཆ་ལྷོད་ལྷོད་ཤོད་རྒྱུ་བྱུང་། མཇུག་ཏུ་ཁོང་ཚོ་ཚང་མ་ཁ་གཅིག་གྲགས་ཀྱིས། ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་དེ་རྒྱ་ནག་མི་མང་ལ་ཤོད་རྒྱུའི་གོ་སྐབས་བྱུང་ན་རྒྱ་ནག་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་རེད། ཅེས་ངོས་ལ་བཤད་བྱུང་། ཡིན་ནའང་དེ་རྒྱ་ནག་མི་མང་གིས་ཤེས་ཀྱི་མེད། གཞུང་ནི་མིག་རྒྱང་ཐུང་ཐུང་གང་ལྟར་ (Party) ཚོགས་པའི་ལས་ཀ་བྱེད་མཁན་མི་བློ་གུ་དོག་དེ་དག་གིས་འཕྲལ་གྱི་དགོས་མཁོ་བསྒྲུབ་རྒྱུའི་དོན་དུ་བསམ་བློ་བཏང་ནས་འཁྱོག་བཤད་མང་པོ་བྱས་རྐྱེན་རྒྱ་ནག་གི་མི་མང་མང་པོ་ཞིག་གི་བསམ་པར་བོད་ཀྱི་གནས་ཚུལ་ཞེས་བརྗོད་པ་ནི་བོད་པ་ཚོས་རྒྱུ་མཚན་མེད་པའི་ཐོག་ནས་རྒྱ་ནག་ལ་ངོ་ལོག་བྱེད་པ་དང་ཁ་བྲལ་བྱེད་པ་ལྟ་བུ་མཐོང་གི་ཡོད། ང་ཚོའི་གནས་སྟངས་འདི་རིམ་པས་རྒྱ་ནག་ནང་གཏམ་བརྗོད་རང་དབང་ཤུགས་ཆེ་རུ་ཕྱིན་པ་དང་། གནས་ཚུལ་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡག་ཏུ་ཕྱིན་པ་ཡིན་ན། ང་ཚོ་བོད་པའི་རྩ་དོན་ལས་སླ་པོའི་ཐོག་ནས་ཐག་གཅོད་བྱེད་ཐུབ། ང་ཚོའི་འཐབ་རྩོད་ནི་རང་རྒྱལ་གཞན་ཕམ་བྱེད་པ་ཞིག་མིན། བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད་པའི་ཐབས་ཤེས་འཚོལ་གྱི་ཡོད། རིམ་པས་ང་ཚོའི་ཐབས་ཤེས་དེ་ལ་གྲུབ་འབྲས་དང་ནུས་པ་ཐོན་པ་ཞིག་ཡོང་རྒྱུ་ཡིན་པ་འདི་ཁྱེད་ཁྱེད་རང་ཚོའི་སེམས་ལ་འཇོག་དགོས། ཞིབ་ཕྲའི་གནས་ཚུལ་ད་ལྟ་བཀའ་བློན་ཁྲི་པ་རིན་པོ་ཆེས་གསལ་བཤད་གནང་གི་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སླེབས་མ་ཐག་བཙན་བྱོལ་གཞུང་གི་འགྲོ་སྟངས་མང་གཙོ་ཅན་ལ་བསྒྱུར་རྒྱུའི་འབད་བརྩོན་བྱས་ཏེ་ལག་ལེན་དུ་བསྟར་བའི་ཐ་མ། ཕྱི་ལོ་ ༢༠༠༡ ལོར་ང་ཚོའི་བཀའ་བློན་ཁྲི་པ་ནི་ངོས་ཀྱིས་བསྐོས་གཞག་བྱེད་མི་དགོས་པར་མི་མང་གིས་འོས་འདེམས་བྱས་ཏེ་བསྐོ་རྒྱུའི་དུས་མཚམས་ཤིག་ལ་སླེབས་ཡོད་པ་ལྟར། རིན་པོ་ཆེ་མི་མང་ནས་འོས་འདེམས་བྱས་པ་རེད། དེ་ནི་ངོས་རང་སེམས་ཤུགས་ཆག་པ་དེ་འདྲ་མིན། ང་རང་ཚོ་དུས་ཚོད་དང་མཐུན་པའི་ཐོག་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ཆབ་སྲིད་ཀྱི་ལམ་ལུགས་སྐྱོང་སྟངས་ཐད་ང་ཚོས་ཕར་ཕྱོགས་རྒྱ་ནག་གཞུང་གི་གཅིག་སྡུད་ལམ་ལུགས་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། འཛམ་གླིང་གི་མང་པོས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐྱོན་བརྗོད་བྱེད་མཁན་༧རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱིས་ཆོས་སྲིད་གཉིས་ཀྱི་དོན་གྱི་བདག་པོ་ཞེས་པ་བྱས་ནས་ཡག་པོ་མེད། མང་ཚོགས་ཀྱི་སྤྱི་མོས་ཡོད་པ་ཞིག་དང་། དངོས་གཞིའི་ཆབ་སྲིད་ཀྱི་གཞུང་གི་སྒྲིག་འཛུགས་འགྲོ་སྟངས་དེ་མང་གཙོ་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་དུ་འཁེལ་ཐུབ་པ་ཞིག་བྱུང་ན་ང་ཚོའི་བདེན་པ་གསལ་དུ་འགྲོ་རྒྱུ་ཡིན། ཕར་ཕྱོགས་རྒྱ་ནག་གུང་ཁྲན་གྱིས་ང་ཚོས་འདི་གར་ལས་ཀ་བྱས་པ་རྣམས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་རེད། ཤོད་ཀྱི་ཡོད། ང་ཚོས་འདིར་ལག་ལེན་བྱེད་སྟངས་འདི་ལྟར་བྱེད་དུས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པ་ཟེར་བའི་སྐད་ཆ་དེ་ཤོད་རྒྱུའི་གཞི་རྩ་མེད་པ་ཆགས་ཡོད། ཐོག་མཐའ་བར་གསུམ་དུ་རྒྱ་ནག་གི་མི་སྣ་ཐུག་སྐབས་༧རྒྱལ་བ་རིན་པོ་ཆེའི་མི་ཚེའི་མདུན་ལམ་སྐོར་ཚིག་གཅིག་རྒྱ་ནག་གཞུང་ལ་རེ་འདུན་དོན་ཡང་མེད་ཅེས་ང་ཚོའི་ཁའི་རྩེ་མོ་ནས་སྤོབས་པ་མཐོ་པོ་བྱས་ཏེ་ཤོད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནས་ཚུལ་ཟེར་བ་གང་ཡང་མེད། ཏཱ་ལའི་བླ་མའི་དོན་དག་རེད་ཅེས་ཤོད་ཀྱི་འདུག ང་ཚོས་ཕར་གསལ་པོ་བྱས་ནས་ཏཱ་ལའི་བླ་མ་སྒེར་གྱི་གནས་ཚུལ་ཚིག་གཅིག་ཀྱང་ཞུ་རྒྱུ་མེད་ཅེས་བཤད་ཡོད། ང་ཚོ་མང་གཙོའི་ལམ་དུ་འགྲོ་རྒྱུ་ནི་རྒྱུ་མཚན་ལྡན་པ་དང་། ཡང་དག་པ། དུས་ལ་རན་པ། ང་ཚོའི་འཐབ་རྩོད་ཀྱི་བདེན་པའི་ནུས་པ་ཆེ་རུ་འགྲོ་རྒྱུ་ཐད་ལ་གནད་འགག་ཆེན་པོ་ཡོད། རིགས་ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཕྱེད་རྒས་ཡོལ་དུ་ཡོད་ཅེས་བརྗོད་དུས་མི་འགའ་ཤས་ནས་རྣམ་རྟོག་བྱེད་མི་སྲིད་པ་མིན། གནས་ཚུལ་དེ་འདྲ་མིན་པས་ཁྱེད་རང་ཚོ་བློ་བདེ་པོ་བྱེད་དགོས། ཁྱེད་རང་ཚོས་ངོས་ལ་བློས་བཀལ་ཏེ་སྨོན་ལམ་རྒྱག་གི་ཡོད་ལ། ང་རང་གི་ངོས་ནས་ཀྱང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཆགས་ཡོད། དེར་བརྟེན་བོད་སྤྱི་པའི་དོན་དག་ནམ་ཡང་བརྗེད་ཀྱི་མ་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱེད་ཆོག ཤེས་སོང་ངམ། ཆབ་སྲིད་ཀྱི་ཞིབ་ཕྲའི་ལས་ཀ་དེ་དག་འོས་བསྡུ་བྱས་ཏེ་སླེབས་པའི་བཀའ་བློན་ཁྲི་པས་བྱེད་སྐབས། ངོས་ཀྱི་དུས་ཚོད་མང་ཆེ་བ་འཛམ་གླིང་སྤྱི་ལ་ཕན་པའི་ལས་ཀ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ངོས་ཀྱི་ལས་ཀ་དེ་དག་ནི་བོད་མི་སྤྱིར་བཏང་བས་ཕལ་ཆེར་བྱེད་ཐུབ་རྒྱུ་ཁག་པོ་རེད། ངོས་ལ་མིང་ཞིག་ཡོད་པ་དང་ངོ་ཤེས་པ་ཡང་མང་པོ་ཡོད་དུས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱ་རྒྱུ་འདི་ངོས་ལ་སྐབས་སུ་བབ་པ་ལྟ་བུ་ཡིན། དེ་བཞིན་ཕྱི་ནང་ཆོས་ལུགས་ཀྱི་དབྱེ་བ་མེད་པ་ཚང་མ་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུར་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། གྲུབ་འབྲས་ཀྱང་གང་ལ་གང་ཙམ་ཐོན་ཡོང་གི་ཡོད་ལ། ཧ་ཅང་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ཡེ་ཤུའི་ཆོས་པ་ཚོས་ངོས་ཡེ་ཤུའི་ཆོས་པ་རེད་ཅེས་བརྗོད་པ་དང་། དེ་བཞིན་ཁ་ཆེའི་ཆོས་པ་ཁ་ཤས་ཀྱིས་ངོས་ཁ་ཆེའི་ཆོས་པ་རེད་ཅེས་བརྗོད་ཀྱི་འདུག ངོས་ཀྱིས་ཀྱང་རྩེད་མོ་དང་སྦྲགས་ཁྱེད་རང་ཚོ་ཡང་ནང་པ་རེད། ཅེས་བརྗོད་ཀྱི་ཡོད། གང་ཡིན་ཞེ་ན་ང་རང་ཚོ་གཅིག་གིས་གཅིག་ལ་སྙིང་ཉེ་པོ་དང་། ཆོས་ཉམས་ལེན་བྱ་རྒྱུའི་བྱམས་པ་དང་། སྙིང་རྗེ། བཟོད་པ། ཆོག་ཤེས་སོགས་ནི་ཐུན་མོང་བ་ཡིན་པ་དང་། ཉམས་ལེན་བྱེད་སྟངས་གཅིག་གྱུར་ཡིན། དེར་བརྟེན་ཁོང་ཚོས་ངོས་ལ་ནང་ཁུལ་གྱི་འདུ་ཤེས་བཞག་པ་དང་། ངོས་ཀྱིས་ཀྱང་ཁོང་ཚོར་ལྷག་བསམ་རྣམ་དག་གིས་ནང་ཁུལ་གྱི་འདུ་ཤེས་འཇོག་གི་ཡོད། དེས་རྐྱེན་པས་ད་ལྟ་བར་ངོས་རང་ཁ་ཆེའི་ཆོས་ཚོགས་གལ་ཆེ་བ་ཁག་ཁ་ཤས་ལ་སླེབས་བྱུང་། ཁོང་ཚོས་ཆོས་ལུགས་གཞན་གྱི་མི་མགྲོན་འབོད་བྱས་པ་ཕལ་ཆེར་ཉུང་ཉུང་ཡིན། ངོས་རང་ཁ་ཆེ་ཚོའི་ཁྲོད་དུ་ཞྭ་མོ་དཀར་པོ་གྱོན་ནས་འགྲོ་གི་ཡོད། ཁོང་ཚོས་དགའ་པོ་བྱེད་ཀྱི་འདུག ཡང་ཇིའུ་ཡི་ཆོས་ཚོགས་ལ་འགྲོ་སྐབས་ཇིའུ་ཡི་ཞྭ་མོ་ཁོང་ཚོས་གཡོགས་ཀྱི་འདུག ངོས་ཀྱིས་ཀྱང་ལྷག་བསམ་རྣམ་དག་གིས་གྱོན་གྱི་ཡོད།དེ་ནི་འཁྲབ་པ་ལྟ་བུ་མིན། ངོས་ཀྱིས་ཁ་སང་བརྗོད་པ་ལྟར་ངོས་ཀྱི་བྱེད་ཐུབ་པའི་བྱ་བ་དེ་རིགས་བོད་མི་སྤྱིར་བཏང་བའི་ནང་ནས་བྱེད་ཐུབ་རྒྱུ་ཁག་པོ་ཡིན། ངོས་ཀྱིས་བྱེད་ཐུབ་པའི་རིགས་ངོས་ནས་བྱས། ང་རང་ཚོ་ནང་ཁུལ་གྱི་ལས་ཀ་བྱ་རྒྱུ་དེ་དག་ང་ཚོ་ནང་ཁུལ་གྱི་མིས་ངོས་ལས་ལྷག་པ་བྱེད་ཐུབ་རྒྱུ་ཡིན་པས་འོས་བསྡུ་བྱས་ནས་ཐོན་པའི་མི་དེས་འགན་ཚང་མ་འཁྱེར། ངོས་ཀྱིས་རླབས་ཆེ་ས་དང་བོད་མི་གཞན་གྱིས་བྱེད་མ་ཐུབ་པའི་ལས་རིགས་ནང་དུས་ཚོད་མང་ཙམ་བཏང་སྟེ་བྱེད་ཐུབ་ན་ཡག་པོ་འདུག དོན་ལ་༧རྒྱལ་བ་རིན་པོ་ཆེའི་མིང་ཞིག་ཡོད་དུས་གང་ལྟར་ངོས་ལ་གྲོགས་པོ་ཇི་ཙམ་མང་བ་བྱུང་བ་དེ་དག་བོད་པའི་གྲོགས་པོ་ཆགས་ཀྱི་ཡོད།ང་ཚོས་ཁ་བྲལ་བྱེད་ཀྱི་མེད། ཡིན་ནའང་ཁ་བྲལ་ཞེས་རྒྱ་ཕྱོགས་ནས་སེམས་ཁྲལ་བྱེད་དགོས་དོན་ནི་༧རྒྱལ་བ་རིན་པོ་ཆེ་གང་དུ་ཕྱིན་ཡང་། བོད་ཀྱི་ཏཱ་ལའི་བླ་མ་ཟེར་བ་ལས་རྒྱ་ནག་གི་ཏཱ་ལའི་བླ་མ་ཟེར་མཁན་མི་གཅིད་མེད་པ་ལོ་རྒྱུས་ཀྱི་ཆ་ནས་ཆགས་པ་ཞིག་ཡིན། (Dalai Lama of Tibet) བོད་ཀྱི་ཏཱ་ལའི་བླ་མ་ཞེས་ཚང་མས་ཟེར་བ་ལས་ (Dalai Lama of China) རྒྱ་ནག་གི་ཏཱ་ལའི་བླ་མ་ཟེར་མཁན་སུ་གཅིག་མི་འདུག དེར་བརྟེན་འཛམ་གླིང་འདིའི་ཐོག་ངོས་ཀྱིས་མི་ལ་ཕན་ཐོགས་དང་ལྷག་བསམ་རྣམ་དག་བྱེད་པ་འདི་ངོས་ལ་མིང་དང་། ཡང་ན་གཞན་དང་མི་འདྲ་བ་ཞིག་བྱུང་ན་བསམ་སྟེ་བྱས་པ་གང་ཡང་མིན། ངོས་རང་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད། དེས་རང་ཤུགས་ཀྱིས་བོད་དོན་ལ་ཕན་ཐོགས་ཡོང་གི་འདུག ཁྱེད་རང་ཚོ་བློ་བདེ་པོ་བྱས་ཏེ་སྡོད། བཀྲ་ཤིས་བདེ་ལེགས། ཁྱེད་རང་ཚོ་ལོག་འགྲོ་མཁན་རྣམས་བློ་བདེ་པོ་བྱས་ནས་ལོག་རྒྱུག་ཨང་། ང་རང་ཚོ་གཞིས་བྱེས་མཉམ་འཛོམས་བཀྲ་ཤིས་ལོ་ལེགས་ཀྱི་ཐོག་ནས་མཇལ་ཐུབ་པའི་ངས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོས་ཀྱང་སྨོན་ལམ་བརྒྱབ། བློ་བདེ་པོ་བྱས་ནས་སྡོད། ཅེས་བཀའ་སློབ་སྩལ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་