༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༡ ནས་ ༢༠ བར་ཉིན་བཅུའི་རིང་བཙན་བྱོལ་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པའི་ཁུར་འཁྲིའི་ལས་འགན་ཚགས་ཚུད་ཡར་རྒྱས་ཡོང་ཆེད་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་སིམ་ལ་མངའ་གཞུང་གི་སྦྱོང་བདར་ཁང་དུ་གོ་སྒྲིག་ཞུས་ཡོད། སྦྱོང་བདར་དེར་བཙན་བྱོལ་གཞུང་གི་དབུས་ལས་ཁུངས་ཁག་དང་། ཧི་མ་ཅལ་ས་ཁུལ་གྱི་ས་གནས་འགོ་འཛིན་དྲུང་གཞོན་དང་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཡིན་པ་ལས་བྱེད་ ༢༠ ལ་གོ་སྐབས་གནང་ཡོད། སྦྱོང་བདར་འཁྲིད་མཁན་ཁོངས་སུ་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་མི་སྣ་མང་པོ་ཞིག་གདན་འདྲེན་ཞུས་ཡོད་པ་དང་། ཁོང་རྣམས་ནས་འཛིན་སྐྱོང་དང་། འཛིན་སྐྱོང་བསྐྱར་བཟོ། དཔལ་འབྱོར་སྟངས་འཛིན། གསར་འགྱུར་བརྒྱུད་ལམ་བཅས་ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་སྤྲོད་བཞིན་ཡོད། ཟབ་སྦྱོང་དབུ་འབྱེད་ཉིན་གཞུང་ཞབས་འདེམས་ལྷན་གྱི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་ཆོས་བཟང་མཆོག་གིས་སྦྱོང་བདར་ཁང་གི་འབྲེལ་ཡོད་མི་སྣ་ཚོས་མཁས་དབང་རྣམས་གདན་འདྲེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཟབ་སྦྱོང་འདི་ཐོབ་རྗེས་རང་གཞུང་སྲི་ཞུ་བ་རྣམས་ནས་མ་འོངས་པར་ཕྱག་ལས་གནང་ཕྱོགས་ཐད་ཕན་ནུས་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་གྱི་གསུངས་བཤད་གནང་ཡོད། ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས་ཟབ་སྦྱོང་ནང་ཞུགས་མཁན་ཚོར་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་བའི་ཐོག་ཟབ་སྦྱོང་དེ་ནས་ཁེ་ཕན་གང་མང་ཐོབ་ཐབས་བྱེད་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་བཅས།།