༢༠༡༠ ཕྱི་ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་མར་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་ལས་ཀྱིས་བརྟན་བཞུགས་བསྟར་འབུལ་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། གདན་ས་ཆེན་པོ་བཀྲིས་ལྷུན་པོ་བྱེས་ཀྱི་མཁན་པོ་ལས་ཟུར་རེད། བླ་སྤྲུལ་དགེ་འདུན་རྣམ་པ་ཁྱེད་རང་ཚོས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དད་པ་དམ་ཚིག་རྩེ་གཅིག་ཐོག་ནས་དེ་རིང་བརྟན་བཞུགས་གནང་བར། ཐུགས་རྗེ་ཆེ་ཞུ་གི་ཡིན། གངས་ཅན་ལྗོངས་གཞིས་དུ་ཡོད་པའི་གདན་ས་བཀྲིས་ལྷུན་པོའི་དགེ་འདུན་ཚོའི་ལུས་པོ་དངོས་སུ་འདིར་ཡོད་པ་མ་རེད་འོན་ཀྱང་སེམས་ནང་འདི་ཕྱོགས་ཁྱེད་རང་ཚོ་དང་བློ་མཐུན་པ་ཞིག་ཡོད་པ་ཕལ་ཆེར་གསལ་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་ཐུགས་རྗེ་ཆེ་ཞུ་གི་ཡིན། བཀྲིས་ལྷུན་པོ་དང་༸རྒྱལ་བ་རིན་པོ་ཆེ་ཐུན་མོང་མ་ཡིན་པའི་འབྲེལ་ཞིག་ཆགས་ཡོད།
བཀྲིས་ལྷུན་པོས་གོང་དུ་མལ་བཤད་པའི་ནང་གསུངས་བ་ལྟར་རེད། བཀྲིས་ལྷུན་པོ་དང་པོ་ཕྱག་འདེབས་མཁན་དེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཆགས་ཡོད། དེ་ཡང་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་རྣམ་ཐར་ནང་ལ་ཡོད་པ་བཞིན་རེད། རི་ཁྲོད་དགའ་ལྡན་ཟེར་བའམ་གང་ལྟར་དེར་འགོ་སྟོད་བྱས་ན་རི་ཁྲོད་གཅིག་ཡོད་རེད་དེར་བཞུགས་ཏེ་ཧ་ལམ་ཚེ་དང་སྒྲུབ་པ་མཉམ་པ་བཞུགས་རྒྱུའི་ཐུགས་འདུན་དེ་འདྲ་རེད། ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་སྐབས་སྒྲོལ་མ་དཀར་ལྗང་གིས་ཞལ་གཟིགས་ཀྱི་མཚོན་པའི་ལྷག་པའི་ལྷ་མང་པོ་ཞིག་གིས་བྱིན་རླབས་ཚད་མ་བརྟན་པོ་ཞིག་བྱུང་བ་གསལ་པོ་རེད་འདུག ཡིན་ནའང་རང་ཉིད་ཀྱི་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་རྩེ་གཅིག་ཏུ་གནང་རྒྱུ་དེ་ལས་བསྟན་པ་དང་འགྲོ་བའི་དོན་ལ་བཀྲིས་ལྷུན་པོའི་དགོན་པ་དེ་ཕྱག་བཏབ་པ་ཡིན་ན་ཕན་རླབས་ཆེ་བར་དགོངས་ནས་རང་གི་སྒྲུབ་པ་ཉམས་བཞེས་གནང་རྒྱུ་དེ་བློས་བཏང་སྟེ་བཀྲིས་ལྷུན་པོའི་དགོན་པ་ཕྱག་བཏབ་པ་དེ་འདྲ་ཡིན་པ་རེད། བྱས་ཙང་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པ་ཞིག་རེད་འདུག དེར་བརྟེན་ཁྱེད་རང་ཚོ་ཡིན་ནའང་དད་པ་དམ་ཚིག་གཙང་མའི་སྒོ་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡོད། སྔོན་མ་དཀའ་ཆེན་བཟོད་པ་ལགས་ཡོད་དུས་ངོས་ཀྱིས་ཀྱག་ཀྱག་བྱེད་ཀྱི་ཡོད་དཀའ་ཆེན་བཟོད་པ་ལགས་ཀྱིས་ངོས་ལ་རྟག་པར་འདི་གསུང་གི་རེད། བཀྲིས་ལྷུན་པོ་༸རྒྱལ་བ་དགེ་འདུན་གྲུབ་པས་ཕྱག་བཏབ་ནས་༸རྒྱལ་བ་རིན་པོ་ཆེ་རང་གི་གདན་ས་ཡིན་གསུངས་ཀྱི་ཡོད། དེ་དུས་ངོས་ཀྱིས་རྩེད་མོ་རྩེ་སྟེ་དགེ་འདུན་རྒྱ་མཚོ་བཀྲིས་ལྷུན་པོ་ནས་ཕུད་པ་རེད། ཅེས་ཤོད་ཀྱི་ཡོད།
པཎ་ཆེན་ཡེ་ཤེས་རྩེ་མོ་དང་དེ་འདྲའི་ཐོག་ནས་གཅིག་ཏོག་ཙམ་དེ་འདྲ་བྱུང་བ་རེད། དེ་ཚོའི་གྲས་དགོས་པ་ཆེན་པོ་ཞེ་དྲགས་རེད་འདུག་དངོས་གནས་དྲང་གནས་གསང་བ་བསམ་གྱིས་མི་ཁྱབ་པ་ཟེར་བ་དེ་ཡིན་ཐག་ཆོད་རེད། ཧོབ་སྟེ་བལྟས་ན་ཐུགས་སྣང་མི་གཤིན་པའི་བཟོ་འདྲ་པོ་ཞིག་ཡོང་གི་ཡོད་པ་རེད། ཡིན་ནའང་ངེས་དོན་ལ་དབུས་ཁུལ་དུ་མཛད་པ་འཕྲིན་ལས་རྒྱས་དགོས་པ་ཞིག་དང་། དེ་ནས་ལྷོ་བྲག་ཁུལ་ལ་མར་མཛད་པ་འཕྲིན་ལས་རྒྱས་རྒྱུ་དང་། དགེ་འདུན་གྲུབ་པ་རང་གིས་གཙང་ཕྱོགས་ལ་བསྟན་འགྲོའི་དོན་བསྐྱངས། དགེ་འདུན་རྒྱ་མཚོས་སྐབས་བབ་མཛད་འཕྲིན་དབུས་ཕྱོགས་ལ་བསྐྱངས་དགོས་པ་དེ་འདྲ་ཞིག་ཡིན་པ་རེད། བསོད་ནམས་རྒྱ་མཚོས་དེའི་རྗེས་སུ་སོག་ཡུལ་ཁུལ་དུ་མཛད་འཕྲིན་བསྐྱངས་པ་དེ་ཚོའི་གྲས་བསམ་གྱིས་མི་ཁྱབ་པ་རེད་འདུག དེ་འདྲ་ཡིན་དུས་དེ་རིང་འདིར་ཁྱེད་རང་ཚོས་ངོས་ལ་བརྟན་བཞུགས་གནང་བ་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་ཁྱེད་རང་ཚོའི་འབུལ་བའི་ནང་ལ་པཌྷ་ཆེན་བློ་བཟང་ཆོས་རྒྱལ་གྱི་དབུ་ཞྭ་འདི་བཀྲིས་དགུ་བརྩེགས་ཟེར་བ་མ་རེད་དམ། བཀྲིས་དགུ་དེ་བགྲངས་ཐུབ་ཀྱི་ཡོད་དམ། གྲངས་ཀ་དགུའི་ངོ་བོ་ངོས་བཟུང་རྒྱུ་དགོས་ཀྱི་རེད། དང་པོ་གཉིས་པ་གསུམ་པ་གང་དང་གང་རེད་དམ། ཞེས་ཞལ་ཤོབ་དང་སྦྲགས་བཀའ་སྩལ་ཕེབས། འདིེ་རྟེན་འབྲེལ་ཡག་པོ་ཞིག་བྱུང། རི་བོ་དགེ་ལྡན་པའི་ཡོངས་གྲགས་བླ་ཆེན་ཚོའི་ནང་པཎ་ཆེན་བློ་བཟང་ཆོས་རྒྱན་ཕལ་ཆེར་དགུང་ལོ་མཐོ་ཤོས་ཡིན་པ་རེད། དགུང་ལོ་བརྒྱ་དང་བརྒྱད་ཙམ་བཞུགས་པའི་ལོ་རྒྱུས་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོས་དབུ་ཞྭ་འདི་ངོས་ལ་གནང་བར་རྟེན་འབྲེལ་ཡག་པོ་བྱུང་ངོས་ཀྱིས་ཀྱང་སྨོན་ལམ་བརྒྱབ། དེ་རིང་མཁན་རིན་པོ་ཆེས་མལ་བཤད་པ་དེ་དག་དཀའ་ལས་ཞེ་དྲག་བརྒྱབ་འདུག་ཐུགས་རྗེ་ཆེ་ཞུ་གི་ཡིན། ཕལ་ཆེར་མལ་བཤད་པའི་སྐབས་ལ་གནམ་གྲང་མོ་རེད་འོན་ཀྱང་རྔུལ་ནག་ཏོག་ཙམ་ཤོར་མེད་དམ། ཞེས་ཞལ་ཤོབ་མཛད་པ་དང་སྦྲགས་བཀའ་ཕེབས་དོན། ཡག་པོ་བྱུང་སོང་ཐུགས་རྗེ་ཆེ་ཞུ་གི་ཡིན། བར་སྐབས་བཀྲ་ཤིས་ལྷུན་པོའི་གདན་སར་སློབ་གཉེར་རྒྱག་མཁན་གཙོ་བོ་གཅིག་དེ་ཁྱེད་རང་ཚོ་ལ་དྭགས་ཁུལ་ནས་ཡོང་བ་དེ་དག་རེད། ཧུར་ཐག་འབད་ཐག་བྱས་སོང་ཞེ་དྲག་ཡག་པོ་ཡིན། ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་འདིར་ང་རང་ཚོ་ཐུན་མོང་གིས་དགེ་འདུན་གྲུབ་པའི་གསོལ་འདེབས་དེ་གཅིག་བཏོན་ན་ཡག་པོ་མེད་དམ་དྲན་སོང་། ནམ་རྒྱུན་ཁྱེད་རང་ཚོས་འདོན་སྟངས་ཤིག་ཡོད་པ་དེ་བཞིན་ཡིན། ཞེས་བཀའ་སློབ་སྩལ་ཡོད།