༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༥ རེས་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བགེགས་བར་གྱི་ཆ་ཕྲ་མོ་ཙམ་ཡང་མི་བཞེས་པར་སྐུ་ཁམས་ཆོས་མཐུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་ཆེད་ལུང་དོན་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༣ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཚེའི་ཚེ་སྒྲུབ་ཉིན་གསུམ་རིང་གནང་བ་སྔོན་དུ་སོང་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་ལ་བོད་གཞུང་མང་ཡོངས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་བཤམས་ཐོག་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གནང་བ་དང་། དེ་རྗེས་ཆུ་ཚོད་ ༨།༠༠ ཙམ་ལ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ཀྱིས་སྤོས་སྣེས་སྔོན་བསུས་དང། སྐུ་བཅར་རྣམ་གྲྭའི་དགེ་འདུན་པས་སེར་སྦྲེངས་དང་དུང་རྒྱ་སོགས་ཀྱིས་སྔོན་བསུས་པ་དང་ཕྱོགས་མཚུངས་བོད་གཞུང་ཟློས་གར་གྱིས་ཕེབས་བརྡའི་རོལ་ཆ་གཏོང་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་དབུ་བཞུགས་སྔ་འགྱུར་བསྟན་པའི་གསལ་བྱེད་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་མཇར་དར་རྐྱང་འབུལ་སྦྲགས་འདུས་ཚོགས་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ༧རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཌྷ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་སྐུལ་སོགས་ཆོས་སྤྱོད་ཁག་གསུང་མུས་སྐབས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་རྗེས་ཐོག་མར་བསུན་ཟློག་གི་ཆོ་ག་རོལ་མོ་བྱིན་འབེབས་སྐབས་བསུན་མའི་མཁའ་འགྲོ་མ་རྣམས་གར་སྟབས་དང་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲི་རིན་པོ་ཆེའི་མདུན་དུ་འཁོད།
ཞལ་འདོན་ཚིག་བསྟུན་གྱི་དབུ་བཞུགས་མཆོག་ནས་དར་སྣེ་གཅོད་འབྲེག་གིས་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད་རྗེས་ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས། བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་མཐའ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི་མཚམས་སུ་དབུ་བཞུགས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་བཞེངས་ཀྱིས་ཚེ་མདའ་སློབ་དཔོན་ལ་ཕུལ་བ་དང་ཆབས་ཅིག་གསོལ་འདེབས་མལ་རྒྱས་པའི་རྗེས་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་གསུང་ཐུགས་རྟེན་དང་བུམ་པ། ཚེ་ཆང་། ཚེ་རིལ། ཚེ་མདའ། ཞི་དྲག་དབང་རྒྱས། བཀྲིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་ཕུལ་ཏེ་མཇལ་ཁ་ཞུས། ཚོགས་རོལ། དེ་རྗེས་མཇལ་ཞུ་དང་ཆབས་ཅིག་བླ་ཆེན་ཁག་དང་ཁྲིམ་ཞིབ་པ་ལས་ཟུར། སྤྱི་འཐུས་ཚོགས་གཞོན། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་འགན་འཛིན་ལས་ཟུར་རྣམ་པ་བཅས་ནས་རིམ་བཞིན་མཇལ་ཁ་ཞུས། དེ་ནས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་མཆོག་གིས་༸གོང་ས་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་༧རྒྱལ་བའི་ཞབས་བརྟན་དང་།
བསམ་པ་ལྷུན་འགྲུབ། བར་ཆད་ལམ་སེལ་བཅས་གསུང་མུར་གསོལ་ཇ་གཉིས་པ་དང་། ཚོགས་འགྲེམས་ཞུས། དེ་རྗེས་གཏང་རག་མལ་གཞུང་མང་སྐུ་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་འདེགས་འབུལ་དང་མཇལ་ཁ་ཞུས་ཏེ་སྤྱི་འཐུས་ལས་ཐོག་རྣམ་པ། སྐུ་བསྟེན་རྣམ་པ། དྲུང་ཆེ་ལས་ཐོག་རྣམ་པ་བཅས་ནས་རིམ་བཞིན་མཇལ་ཁ་ཞུས་རྗེས་ཞལ་འདོན་འཆར་ཁ་མ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་བདེན་པའི་རྔ་སྒྲ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུང་མཐར་མཐར་ཀ་ཁྲི་སྒྲོགས། དེ་ནས་བདེན་ཚིག་སྨོན་ལམ་གསུངས་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་དངོས་གཞི་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་ཡང་སྟེང་ནས་གསུང་ཆོས་ར་བར་གདན་འདྲེན་ཞུས་གྲུབ་བསྟུན་བཀྲ་ཤིས་གླུ་གར་གྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་ཡོད། བཀའ་སློབ་གྲུབ་བསྟུན་ཕོ་བྲང་དུ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་གྲུབ་མཚམས་མུ་མཐུད་བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། དེ་བཞིན་རྡ་སའི་ཉེ་འཁོར་དུ་གནས་པའི་སློབ་གྲྭ་ཁག་དང་ཚོགས་སྐྱིད་སོགས་ནས་བཀྲ་ཤིས་པའི་གཞས་སྣ་མང་དག་གཅིག་འཁྲབ་སྟོན་ཞུས་ཡོད་པ་མ་ཟད། ཕྱེད་ཡོལ་ཡང་མུ་མཐུད་གཞས་སྣ་འཁྲབ་སྟོན་ཞུས་ཏེ་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲིས་རྟེན་གྱི་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་བ་བཅས་སོ།