༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༤ ཉིན་༸གོང་ས་མཆོག་ཨོ་རི་སའི་རྒྱལ་ས་བྷུབ་ནེ་ཤི་ཝར་རྟེན་གཞི་བྱས་པའི་སོཨོ་སི་ཏི་པྲི་མི་ཡམ་ (Swosti Premium) ཞེས་པའི་མགྲོན་ཁང་གི་ཚོགས་ཁང་དུ་༸ཞབས་སོར་འཁོད་པ་དང་འབྲེལ་ཨུཏ་ཀཱལ་ (Utkal) མངའ་སྡེའི་རིག་གཞུང་གཙུག་ལག་སློབ་ཁང་དང་། ཨོ་རི་ས་མངའ་སྡེའི་མགྲོན་ཁང་དང་ཟ་ཁང་སྐྱིད་སྡུག་ཚོགས་པས་གསོལ་འདེབས་ཀྱིས་གོ་སྒྲིག་ཞུས་པའི༸གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཅར་བའི་མངའ་སྡེའི་རིག་གཞུང་ལྷན་ཁང་གི་གནད་ཡོད་མི་སྣ་དང་། ཨུཏ་ཀཱལ་ (Utkal) ཞེས་པའི་མངའ་སྡེ་གཞུང་གི་རིག་གཞུང་གཙུག་ལག་སློབ་ཁང་གི་དབུ་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག དེ་བཞིན་མངའ་སྡེའི་ཆོས་ཚོགས་དང་འཛིན་སྐྱོང་གི་འགོ་ལས་རྣམ་པ། བཟོ་ལས་པ་དང་ཁྱད་མཁས་མི་སྣ་སོགས་ཁྱོན་རྒྱ་གར་བ་སུམ་སྟོང་ཙམ་ལ་ནང་ཆོས་ཀྱི་ཐོག་ནས་སྒྲུབ་པ་ཉམས་ལེན་བྱེད་སྟངས་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་བ་དང་ཆབས་ཅིག་ཚོགས་བཅར་བ་ཚོའི་དྲི་བར་བཀའ་ལན་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དངོས་ཡོད་དང་མ་འཚམས་པའི་ཐབས་ལམ་ལག་བསྟར་བྱས་པ་ཡིན་ན་ཆག་སྒོ་ཡོང་རྒྱུ་རེད། འཚེ་བ་མེད་པ་དང་། བྱམས་པ། བརྩེ་བ་སོགས་ཀྱིས་ང་ཚོའི་སེམས་དེ་ལྷིང་འཇགས་ཡོང་གི་ཡོད། ང་ཚོའི་ལྟ་ཚུལ་དེ་ཕྱོགས་ལྷུང་མེད་པར་བློ་གཟུ་བོར་གནས་པ་ཞིག་དགོས། སེམས་འཁྲུུག་པ་དེས་ཡུལ་གྱི་གནས་ཚུལ་ངོ་མ་དེ་མཐོང་མི་ཐུབ། ནང་ཆོས་ནང་དེ་རིགས་ཀྱི་སློབ་སྦྱོང་བྱེད་རྒྱུ་ཡོད། ནང་ཆོས་ནང་གཙོ་བོ་འགྲོ་བ་མིའི་སེམས་ཚོར་གྱི་རྣམ་གཞག་དང་འབྲེལ་ནས་གསུང་གི་ཡོད། དེ་འདྲ་གསུང་དུས་སེམས་ཞི་བདེ་མེད་པ་ཟང་ཟིང་བཟོ་མཁན་གཙོ་བོ་དེ་ཕྱི་དངོས་པོའི་རྒྱུ་ལས་བྱུང་བ་ཞིག་མིན་པར་ནང་སེམས་ཀྱི་ཉོན་མོངས་པ་དེས་བརྒྱུད་སྐུལ་བྱས་པ་ལས་ཡོང་གི་ཡོད་པ་དེ་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད། འཁྲུག་པའི་སེམས་དེ་དག་ལ་གཉེན་པོ་མཆོག་ཏུ་འགྱུར་བ་དེ་ནི་བློའི་ནུས་པ་དེ་གོང་འཕེལ་བཏང་སྟེ་སེམས་ཚོར་དེ་དག་ལ་སྟངས་འཛིན་བྱེད་པའི་ཐོག་ནས་ཡོང་ཐུབ། མཐའ་མ་དེར་སོ་སོ་རང་ངོས་ནས་ཉོན་མོངས་པ་དེ་དག་མགོ་གནོན་བྱ་རྒྱུའི་ཐབས་ལམ་ཇི་ཡིན་ཤེས་པའི་རྟོགས་པ་སྐྱེད་ཐུབ་པ་དགོས། ལོ་ངོ་ ༢༥༠༠ གོང་ནས་བྱུང་བའི་ནང་ཆོས་ནས་གསུངས་པའི་བྱམས་པ་དང་། སྙིང་རྗེ། བཟོད་བསྲན། ཚུལ་ཁྲིམས་སོགས་ཆོས་ལུགས་གཞན་ནང་དེ་མཚུངས་སུ་ཡོད་པ་དེ་དག་གི་ཐོག་དེང་དུས་འཛམ་གླིང་འདིའི་ནང་ཞབས་འདེགས་སྒྲུབ་རྒྱུར་དམིགས་བསལ་ལས་འགན་ཞིག་ཡོད། གང་ལགས་ཟེར་ན་ནང་ཆོས་ནང་ཆོས་ལུགས་གཞན་དང་མི་འདྲ་བར་ཐུན་མོང་མིན་པའི་རྟེན་འབྲེལ་གྱི་རྣམ་གཞག་གསུངས་ཡོད། རྟེན་འབྲེལ་གྱི་རྣམ་གཞག་དེ་ཚན་རིག་དང་མཐུན་གྱི་ཡོད། གནད་དོན་གང་འདྲ་ཞིག་གི་ཐོག་ལ་ཡིན་ཡང་དོན་དམ་པའི་གནས་ཚུལ་ངོ་མ་ཤེས་རྒྱུ་དེ་ཕྱོགས་གཅིག་ནས་བལྟས་ནས་ཤེས་ཐུབ་ཐབས་མེད། དོན་དམ་པའི་གནས་ཚུལ་ངོ་མ་ཤེས་རྒྱུའི་སླད་ཕྱོགས་ཐམས་ཅད་ནས་ལྟ་དགོས། དེ་ལྟར་བལྟས་པའི་བརྒྱུད་གནས་ཚུལ་ངོ་མ་དེ་ཤེས་ཀྱི་རེད་། ངོས་རང་ནི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་ཁྱབ་སྤེལ་བྱེད་མཁན་གྱི་བང་ཆེན་ལྟ་བུ་ཞིག་ཡིན། ཁྱེད་རང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཁྱབ་སྤེལ་ཡོང་ཆེད་ཕྱག་ལས་གནང་རོགས་ཞེས་ངོས་ཀྱིས་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ། དེ་རྗེས་མངའ་སྡེའི་རིག་གཞུང་གཙུག་ལག་སློབ་ཁང་གི་དབུ་འཛིན་ལྕམ་སྐུ་མོ་ནཱ་ཤར་མ་ (Mona Sharma) ལགས་ནས་༸གོང་ས་མཆོག་གིས་ཨུཏ་ཀཱལ་གཙུག་ལག་སློབ་ཁང་དང་ཝར་ཌྷ་བོད་ཀྱི་མཐོ་སློབ་གཉིས་དབར་བགྲོ་གླེང་གི་ཚོགས་འདུ་གོ་སྒྲིག་གནང་བ་བརྒྱུད་ཨོ་རི་སའི་ནང་པའི་ཁྱད་ནོར་དེ་དག་འབུར་ཐོན་ཡོང་བ་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་ཕེབས་ཡོད་སྐོར་གྱི་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད། དབུ་འཛིན་ལྕམ་སྐུ་མཆོག་གིས་༸གོང་ས་མཆོག་གི་བཞེད་དགོངས་ལྟར་ཚོགས་འདུ་དེ་འདྲ་ཞིག་གོ་སྒྲིག་ཡོང་བར་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད། དེ་བཞིན་ལྕམ་སྐུ་མཆོག་གིས་མགོན་པོ་གང་ཉིད་མཆོག་ཨོ་རི་སར་སླར་ཡང་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་ཐོབ་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་ཁུལ་དེར་ཡང་ནས་ཡང་དུ་ཆིབས་སྒྱུར་བསྐྱང་རྒྱུའི་གསོལ་འདེབས་ཀྱང་ཞུས་ཡོད། དེ་ཉིན་༸གོང་ས་མཆོག་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷུབ་ནེ་ཤི་ཝར་༸ཞབས་སོར་འཁོད་སྐབས་ཁུལ་དེའི་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Pradeep Amathདང། འཆར་འགོད་ལྷན་ཁང་གི་གཙོ་འཛིན་གཞོན་པ་སྐུ་ཞབས་ Surender Nath Nayakདེ་བཞིན་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་Debi Prasad Mishraམངའ་སྡེའི་ཤེས་ཡོན་བློན་ཆེན་Pratap Jenaབཅས་མངའ་སྡེའི་མགྲོན་ཁང་ནང་མཇལ་འཕྲད་མཛད་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་དབར་ཕན་ཚུན་ཡིད་ཆེས་བྱས་ནས་འབྲེལ་བ་བཟང་པོ་བསྐྲུན་དགོས་པའི་ལམ་སྟོན་ཕེབས་ཡོད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་