༢༠༡༠ ཕྱི་ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༦ ཉིན་༸གོང་ས་མཆོག་གིས་སྔ་དྲོའི་བཀའ་ཆོས་ཀྱི་ཆོས་ཐུན་གྲུབ་རྗེས་མགོན་པོ་གང་ཉིད་ཀྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་དུ་གུང་ཚིགས་ཀྱི་བར་གསེང་སྐབས་སིང་ག་པུར་དང་མ་ལེ་ཤི་ཡ། དེ་བཞིན་ཐེ་ན་དང་ཧོང་ཀོང་། རྒྱ་ནག་སྐམ་ས་ཆེན་མོས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོས་ཞུ་ལ་བཅར་བའི་རྒྱ་རིགས་ ༤༠༠ བརྒལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ་དང་ཆབས་ཅིག་བཀའ་སློབ་ཕེབས་དོན། རྒྱ་རིགས་ཆོས་གྲོགས་ཚོ་ལ་འཚམས་འདྲི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་བསླབ་པ་རྒན་གཞོན་བརྩིས་ན་ཁྱེད་རང་ཚོ་བསླབ་པ་རྒན་པ་དང་ང་ཚོ་གཞོན་པ་རེད། བྱས་ཙང་ཁྱེད་རང་ཚོར་གུས་བཏུད་ཡོད། དེང་སང་འཛམ་གླིང་འདིའི་སྟེང་ལ་ནང་བསམ་བློའི་ཡ་རབས་ཀྱིས་མ་འདང་བའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནང་ལའང་སེམས་ཀྱི་ཡ་རབས་མ་འདང་བ་ཞིག་ཤོད་ཀྱི་འདུག རྒྱ་ནག་སྐམ་ས་ཆེན་མོའི་ནང་ལ་ཆ་བཞག་ནའང་ཡ་རབས་ཀྱི་མ་འདང་པའི་དཀའ་ངལ་མང་དག་འཕྲད་ཡོང་གི་འདུག ཡ་རབས་དང་དྲན་བདེན་ཞེས་པ་འདི་མ་འདང་བའི་སྐབས་ལ་སྡུག་བསྔལ་མྱོང་མཁན་དེ་མི་སྐྱོ་བོ་དེ་དག་རེད། རྒྱུ་དང་དབང་ཡོད་མཁན་ཚོ་སེམས་སྐྱིད་པོ་མེད་ཀྱང་འགྲིག་འགྲོ་གི་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་ལ་བྱམས་བརྩེ་དང་དྲང་བདེན་ཞེས་པ་འདི་མ་བྱུང་ན་མིའི་དཀའ་ངལ་དེ་ཧ་ཅང་ཆེན་པོ་རེད། དེ་འདྲ་སོང་ཙང་མི་ཚང་མས་ཡིན་གཅིག་མིན་གཅིག་ཆོས་བྱེད་དགོས་པའི་ངེས་པ་མེད། ངོས་ཀྱིས་ནམ་རྒྱུན་འདི་ཤོད་ཀྱི་ཡོད། དམིགས་བསལ་ཆོས་དང་མ་འདྲེས་བའི་ཐོག་ནས་ཡ་རབས་གོང་མཐོར་སྤེལ་རྒྱུ་ཞིག་ང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་རེད་ལ་བྱེད་དགོས་ཀྱི་ཡང་རེད་། ཅེས་ངོས་ཀྱིས་གཙོ་བོ་འདི་ཤོད་ཀྱི་ཡོད། ཡིན་ཡང་ཆོས་ལུགས་ཚང་མའི་ཐོག་ནས་བྱམས་པ་དང་བརྩེ་བ་དྲང་བདེན་ཞེས་པ་འདི་དག་ཤོད་ཀྱི་ཡོད་སྟབས་འཛམ་གླིང་འདིའི་སྟེང་ཏན་ཏན་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་རེད་འདུག འཇིག་རྟེན་བཀོད་པ་པོ་ཡོད་ཀྱང་རུང་མེད་ཀྱང་རུང་ཁྱད་པར་མི་འདུག བྱམས་པ་དང་བརྩེ་བ་བྱུང་བ་ཡིན་ན་འགྲིག་པ་ཡིན། ཆོས་ལུགས་དེ་དག་ནང་ནས་སངས་རྒྱས་པའི་ཆོས་ལུགས་དེ་ཕལ་ཆེར་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་པ་ཞིག་རེད། དཔེར་ན། ངོས་རང་གིས་ཉམས་མྱོང་ནས་བཤད་པ་ཡིན་ན། ཚན་རིག་པ་སེམས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན། ཀླད་པའི་སྐོར་ལ་དམིགས་བསལ་མཁས་པ་དེ་ཚོའི་གྲས་མང་པོ་ཞིག་གིས་ནང་ཆོས་ཀྱི་ནང་ནས་སེམས་ཀྱི་རྣམ་གཞག་འགྲེལ་བཤད་བརྒྱབ་པ་དེར་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད་པའི་ནང་ནས་ཚན་རིག་པ་ཚོས་དམིགས་བསལ་དོ་སྣང་བྱེད་ས་དེ་ཕལ་ཆེར་ནང་པའི་ཆོས་ཡིན་པ་ལྟ་བུ་རེད། སྔོན་མ་ཚན་རིག་པ་སྐད་གྲགས་ཡོད་མཁན་ (Albert Eienstien ) ཨལ་བྷེར་ཊ་ཨན་སེ་ཊན་གྱིས་ནང་པའི་ཆོས་དེ་ཚན་རིག་དང་མཉམ་དུ་འགྲོ་རྒྱུ་ཞིག་ཡོད་པ་རེད་ཅེས་ཁོང་གིས་བཤད་འདུག ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཚོར་ཆ་མཚོན་ན་ལོ་རྒྱུས་ཐོག་ནས་ང་ཚོ་ནང་པ་ཆགས་ཀྱི་ཡོད། དཔེར་ན། རྒྱ་ནག་ནང་ལ་ཆ་བཞག་ན་ནང་པའི་ལྷ་ཁང་ག་ཚོད་མང་པོ་འདུག མ་གཞི་ཆོས་ལུགས་གཞན་དག་ཀྱང་ཡོད་པ་རེད། དཔེར་ན། ཏའོ་ཆོ་དང་ཁ་ཆེ། ཡེ་ཤུའི་ཆོས་ལུགས་ཡོད། འོན་ཀྱང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན་ཕལ་ཆེར་ནང་པའི་ཆོས་དང་འབྲེལ་བ་འདུག དེ་བཞིན་མ་ལེ་ཤི་ཡ་དང་ཧོང་ཀོང་། སིང་ག་པུར་སོགས་རྒྱ་རིགས་ཡོད་ས་དེ་དག་ལ་ནང་པའི་ལྷ་ཁང་ཕལ་ཆེར་ཡོང་གི་འདུག དེར་བརྟེན་རྒྱ་རིགས་ལ་ནང་ཆོས་དེ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། དེ་ནི་ང་རང་ཚོའི་ཕ་མེས་ཀྱི་ཆོས་ཆགས་ཀྱི་ཡོད། དེར་བརྟེན་སོ་སོའི་ཕ་མེས་ཀྱི་ནོར་བུར་བདག་པ་བརྒྱབ་པ་ལྟར་རེད། ཆོས་ལ་བདག་པོ་གང་འདྲ་བྱས་ནས་རྒྱག་གི་ཡོད་དམ། དངོས་པོ་རྡོག་རྡོག་ཅིག་ཡོད་པ་ཡིན་ན་དེ་རྩ་ཆེན་པོ་བྱས་ཏེ་ཉར་ན་འགྲིག་གི་རེད། དེ་འདྲ་རེད་མི་འདུག ཆོས་ཞེས་ལབ་སྐབས་བསམ་བློའི་ནང་ཡོད་པ་རེད། གཙོ་བོ་ནི་སེམས་ནང་གི་རྟོགས་པའི་ཡོན་ཏན་རེད། ཡོན་ཏན་དེ་ཡང་སྨོན་ལམ་བརྒྱབ་ནས་ཡོང་གི་མེད། ཡོང་བ་ཤོག་ཅེས་བརྗོད་ནས་ཡོང་གི་མེད།
ངོས་ཕལ་ཆེར་ལོ་བཅོ་ལྔ་བཅུ་དྲུག་སྐབས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་ཤོག་ཅེས་སྨོན་ལམ་རྟག་ཏུ་རྒྱག་གི་ཡོད་ཀྱང་དེས་ཕན་གྱི་མི་འདུག དེ་ནས་ཕལ་ཆེར་ལོ་སུམ་ཅུ་དེ་འདྲ་གཅིག་ནས་གཞི་ནས་བྱང་ཆུབ་སེམས་ཀྱི་སྐོར་ལ་གཙོ་བོ་སྤྱོད་འཇུག་གི་དཔེ་ཆ་དེའི་བཀའ་ཆོས་ཞུས་ནས་བསམ་བློ་གང་ཙམ་བཏང་བ་རེད། བསམ་བློ་གཏོང་སྐབས་གཞི་ནས་སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་འདུག དེར་བརྟེན་ཁྱེད་རང་ཚོས་ཀྱང་ཨ་མི་ཏཱ་བྷ་འོད་དཔག་མེད་ ཞེས་ལབ་ན་བྱང་ཆུབ་སེམས་བསྐྱེད་ཀྱི་མ་རེད། སྱང་དགོས་པ་རེད། སྒོམ་དགོས་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་རྒྱ་རིགས་ཆོས་གྲོགས་ཚོར་ངོས་ཀྱི་རེ་འདོན་ག་རེ་ཡིན་ཟེར་ན། ངོས་ཀྱིས་བོད་པར་ཡང་རྟག་པར་བརྗོད་ཀྱི་ཡོད། ང་ཚོའི་ཆོས་གྲོགས་ཚང་མ་ཉི་ཧོང་པ་དང་ཀོ་རེ་ཡ། དེ་བཞིན་ི་ཏི་ནམ་ཚང་མར་བརྗོད་ཀྱི་ཡོད། ང་རང་ཚོར་སངས་རྒྱས་པའི་ཆོས་དེ་སོ་སོའི་ཕ་མེས་ཀྱི་ཆོས་རེད། དེ་བདག་པོ་རྒྱག་དགོས། བདག་པོ་རྒྱག་སྟངས་དེ་སློབ་སྦྱོང་བྱེད་དགོས་པ་རེད། ངོས་ཀྱིས་རྒྱ་གར་བ་ཆོས་གྲོགས་ཚོ་ལ་ཡང་བརྗོད་ཀྱི་ཡོད། ཧིན་རྡུའི་ཆོས་གྲོགས་དེ་ཚོའི་གྲས་ལ་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་རེད། གཞན་ལེགས་སྱར་གྱི་ཚིག་ཁ་ཤས་ཤིག་སྐྱོར་དོན་དག་མ་ཤེས་པ་བྱས་ན་དགོས་པ་གང་ཡང་མི་འདུག སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་འདྲ་ཡིན་དུས་དེ་རིང་ཁ་སང་ཁྱེད་རང་ཚོའི་རྒྱ་ཡིག་ནང་ཆ་བཞག་ན། བོད་ལ་སངས་རྒྱས་ཀྱི་ཆོས་མ་དར་སྔོན་ནས་རྒྱ་ཡིག་ནང་ལ་ནང་པའི་ཆོས་ཀྱི་དཔེ་ཆ་ཡོད། དེར་བརྟེན་ཁྱེད་རང་ཚོས་རྒྱ་ཡིག་ནང་ཡོད་པའི་གཞུང་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ནི་གལ་ཆེན་པོ་རེད། ཁྱེད་རང་ཚོས་བཅོམ་ལྡན་འདས་ཀྱི་བཀའ་མདོ་དེ་ཚོའི་གྲས་ཀློག་སྟེ་ལམ་སེང་གོ་བདེ་པོ་ཡོང་རྒྱུ་ནི་ཁག་པོ་རེད། ལུང་ཧྲོས་ཕོ་སའི་གསུང་དེ་དག་ཧ་ཅང་གི་གསལ་པོ་རེད་འདུག དཔེར་ན། ང་རང་ཚོས་རྡོ་རྗེ་གཅོད་པ་ཀློག་སྐབས་ཁག་པོ་ཞིག་མི་འདུག་གམ། མེད་མེད་གསུང་པ་མ་གཏོགས་ཞེ་དྲག་གོ་རྒྱུ་མི་འདུག འོན་ཀྱང་ལག་པས་རེག་ནས་འདུག བྱས་ཙང་མེད་མེད་ཅེས་པའི་དོན་དག་གང་ཡིན་པ་དེ་ཤེས་དགོས། དེ་མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་པོ་གསུངས་ཡོད། བདེན་པ་གཉིས་ཞེས་པ། དེ་འདྲ་ཡིན་དུས་ལུང་ཧྲོས་ཕོ་སའི་རྩ་བ་ཤེས་རབ་རྒྱ་ཡིག་ནང་ཡོད་པ་རེད། སྔོན་མ་ངོས་དང་རྒྱ་ཡི་དགེ་སློང་ཏའོ་ཧེ་རྡ་སར་ཐེངས་ཤིག་ཐུག་སྐབས་ངོས་གཉིས་ཀྱིས་དམ་བཅའ་བཞག་སྟེ། མ་འོངས་པར་ངོས་གཉིས་རྒྱ་ནག་རི་བོ་རྩེ་ལྔར་འགྲོ་རྒྱུའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། དེ་བྱུང་བའི་སྐབས་ཁོང་གིས་རྒྱ་སྐད་ཐོག་ནས་རྩ་བ་ཤེས་རབ་ཀློག ངོས་ཀྱིས་བོད་སྐད་ཐོག་ནས་རྩ་བ་ཤེས་རབ་ཀློག དེ་ནས་རྒྱ་གར་གྱི་གྲོགས་པོ་ཞིག་གིས་ས་སྐྲཏའི་སྐད་ཀྱི་ཐོག་ནས་རྩ་བ་ཤེས་རབ་ཀློག་གི་ཡིན་ཞེས་ངོས་གཉིས་ཀྱིས་དམ་བཅའ་བཞག་ཡོད། དེ་དུས་གཅིག་བྱས་ནས་ཁྱེད་རང་ཚོ་ཡང་ཁ་ཤས་མཉམ་དུ་ཡོང་རྒྱུའི་དུས་ཚོད་ཅིག་ཤར་མདོག་ཁ་པོ་རེད། ཅེས་བཀའ་སློབ་སྩལ་ཡོད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་