༢༠༡༠ ཕྱི་ཟླ་ ༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་གནས་ཕོ་བྲང་ནས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ལྷ་ཁང་གི་གསུང་ཆོས་རྭ་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་སྦྲགས་ཕྱི་ལོ་ ༢༠༡༠ ལོའི་བཀའ་ཆོས་ཀྱི་ཐོག་མ་དེ་དབུ་འཛུགས་མཛད་ཡོད། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་ ༤༠༠༠༠ བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སྔོན་འགྲོའི་བཀའ་ཆོས་སྩལ་དོན། ང་རང་ཚོས་ཆོ་ག་ཕྱག་ལེན་གཅིག་པུར་དོ་སྣང་བྱས། ངོ་ཐོག་བསྟན་པའི་ཞབས་འཛིན་མཁན་དེ་འདུལ་བ་འཛིན་པའི་ཞབས་འཛིན་དགོས་ཀྱི་ཡོད་པ་རེད་དེ་དེ་དག་ལྷོད་གཡེང་དུ་བཏང་། ཕྱི་ལོགས་ནས་བོད་ཀྱི་ནང་ཆོས་འགྲེལ་བཤད་རྒྱག་མཁན་དེ་དག་མཐོང་སྐབས་སྔགས་པ་དང་དེ་བཞིན་བླ་མའི་མིང་འཁྱེར་ཏེ་ལུས་ལ་གྲྭ་ཆས་གྱོན་སྐྱེ་དམན་དང་ཕྲུ་གུ་ཡོད་པ་དེ་འདྲ་ཆགས་ཡོད་དུས། དེ་རིང་ཁ་སང་འུ་ཐུག་ཡོང་དུས་མི་ཚོས་གྲྭ་པ་སྐྱེ་དམན་ཡོད་པ་དེ་རེད་དམ་མེད་པ་དེ་རེད་དམ་ཞེས་བརྗོད་དགོས་ཀྱི་འདུག དེ་ནི་ཞབས་འདྲེན་རེད། རྐང་སོག་པོའི་ཁུལ་ནང་རེད། ང་ཚོའི་བོད་པའི་ནང་དུའང་གྲྭ་ཆས་གྱོན་མཁན་འདི་སྐྱེ་དམན་ཡོད་པ་དེ་རེད་དམ་མེད་པ་དེ་རེད་དམ་ཅེས་བརྗོད་དགོས་རྒྱུ་ཆགས་ཀྱི་འདུག་དེ་རྩ་བ་ནས་ཡག་པོ་མ་རེད། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་སུ་ཚིག་གི་བདག་པོ་ཚིགས་སུ་བཅད་ནས་གོས་དཀར་ལྕང་ལོའི་སྡེ་དང་རབ་བྱུང་ངུར་ིག་གི་སྡེ་ཞེས་སྡེ་གཉིས་སུ་དབྱེ་ཡོད། དེ་འདྲ་བྱས་ན་གཙང་མ་རེད། སྐྱེ་དམན་ཡོད་མཁན་ཚོས་གོས་དཀར་ལྕང་ལོའི་སྡེའི་ནང་ཕྱིན། སྐྱེ་དམན་མེད་མཁན་སྡོམ་གཙང་ཡིན་ན་རབ་བྱུང་ངུར་ིག་གི་སྡེ་ཞེས་གྲྭ་ཆས་གྱོན། གཞན་སྐྱ་མིན་སེར་མིན་དེ་རྩ་བ་ནས་ཡག་པོ་མི་འདུག བྱས་ཙང་ང་ཚོས་གཟབ་གཟབ་བྱ་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། གྲྭ་བ་ཡོང་གི་མིན་འདུག་ན་གྲྭ་ཆས་གྱོན་དགོས་མ་རེད་སུས་ཁྲལ་སྐུལ་གྱི་འདུག་གམ། དེ་ལས་སྔགས་པའི་ཆ་ལུགས་བྱས་ན་མ་འགྲིག་བ་གང་ཡང་མེད། དེ་ཞེ་དྲག་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། དེ་རིང་ཁ་སང་ཆོས་ལ་དོ་སྣང་གསར་པ་ཞིག་སྤྱི་ཡོངས་ཀྱི་ཆ་ནས་ཡོང་སྟངས་གཅིག་དང་། བྱེ་བྲག་ཏུ་རྒྱུ་འབྲས་ཀྱི་རྣམ་གཞག་བཤད་པའི་ཆོས་བརྒྱུད་ཀྱི་ཐོག་དོ་སྣང་གསར་པ་གཅིག དེའི་ནང་ཚན་ནས་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་ཡོང་རྒྱུའི་གནས་སྟངས་དེ་འདྲ་ཞིག་རེད། དེ་སྔ་ང་ཚོ་བོད་ལ་འཛམ་གླིང་ཡོངས་རྫོགས་མཐོང་གི་མེད་སྟབས་སོ་སོའི་ཉེ་འཁོར་ཙམ་མ་གཏོགས་ཞེ་དྲག་གིས་དོ་སྣང་བྱས་ཡོད་པ་མ་རེད། བྱས་ཙང་འགོ་སྟོད་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཏེ་ག་ལེར་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིིན་པའི་གནས་ཚུལ་ཐོང་ཡོང་སྐབས་ཡིད་སྨོན་སྐྱེས་ཏེ་ང་ཚོ་བོད་པ་ཚོ་རྗེས་ལུས་རེད་བཞག་བསམ་པ་བྱུང་ཡོད། ཧ་ལམ་བོད་པ་ཡིནབརྗོད་རྒྱུར་འཚེར་སྣང་བྱེད་དགོས་པ་ལྟ་བུའི་དུས་ཚོད་ཅིག་བྱུང་ཡོད། ལག་པར་ཕྲེང་བ་ཞིག་འཁྱེར་བ་ཡིན་ནའང་དེ་རྗེས་ལུས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་ལྟ་བུ་ཞིག་བྱུང་བ་རེད། རིམ་པས་འཛམ་གླིང་ཡོངས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིག་ཞིབ་འཇུག་བྱས་པ་ཡིན་ན་ང་རང་ཚོ་བོད་ལ་ལོ་སྟོང་ཕྲག་རིང་ནས་བདག་པོ་བརྒྱབ་པའི་སངས་རྒྱས་ཀྱི་ཆོས་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་དང་། རིག་གཞུང་གཏིང་ཟབ་ཅིག་ཡིན་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ཟེར་བ་དེ་གནས་ཚུལ་ཁག་ཁག་རེད། གང་ལྟར་མིའི་སེམས་ཀྱི་རྣམ་གཞག་ཤོད་སྐབས་སངས་རྒྱས་ཀྱི་ཆོས་འདི་ཟབ་ཤོས་དང་རྒྱ་ཆེ་ཤོས་ཡིན་པ་ཞིག་མཐུན་སྣང་དུ་བསྒྲུབ་པ་ཞིག་ཆགས་ཡོད། དེ་རིང་ཁ་སང་རྒྱ་ནག་ནང་ལ་ཆ་བཞག་ན་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད།
འོན་ཀྱང་ལྐོག་ཟ་རུལ་སུངས་ཀྱི་མཚོན་པའི་དེ་འདྲའི་སྤྱི་ཚོགས་ནང་དྲང་བདེན་མེད་པ་དང་། དབང་ཡོད་ན་འགྲིག་པ་དང་དབང་མེད་མཁན་དེ་དག་མགོན་མེད་སྐྱབས་མེད་ཆགས་ཏེ་དཀའ་ངལ་མང་པོ་འཕྲད་ཀྱི་འདུག ཡ་རབས་སྤྱོད་བཟང་གིས་ཕོངས་ཏེ་དཀའ་ངལ་དེ་ལྟར་ཡོང་གི་འདུག བྱས་ཙང་རྒྱ་ནག་ནང་ཆ་བཞག་ན་བར་སྐབས་བསམ་པའི་དཔལ་ཡོན་ཞེས་པ་དེ་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ལས་འགུལ་བྱེད་ཀྱི་འདུག གང་ལྟར་ཕྱི་དངོས་པོ་གཅིག་པུས་མིའི་སྤྱི་ཚོགས་ནང་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ་དང་། བསམ་བློའི་ཐོག་ནས་ཡར་རྒྱས་དང་ཡ་རབས་ཤིག་དགོས་ཀྱི་ཡོད་པ་སྤྱི་ཚོགས་ཚང་མའི་ནང་དེང་སང་མཐོང་རྒྱུ་ཡོད། བདེ་སྐྱིད་ཡོང་རྒྱུའི་རྩ་བ་དེདངུལ་ལ་ཐུག་མེད་དེ་སེམས་ལ་ཐུག་ཡོད། དེ་འདྲ་ཡིན་དུས་དྲང་པོ་དང་སེམས་པ་བཟང་པོ་བྱས། སུ་ལ་ཡིན་ན་ཡང་བརྣག་སེམས་གནོད་སེམས་དང་སེམས་བརྣག་མ་བྱས་པར་དྲང་པོ་བྱེད་དགོས། དྲང་པོ་བྱས་ན་སྙིང་སྟོབས་སླེབས་ཀྱི་རེད། ཁ་གསལ་གཏིང་གསལ་བྱེད་ཐུབ་ཀྱི་རེད། དྲང་པོ་མ་བྱས་ན་གཡོ་སྒྱུ་མ་བྱེད་རང་བྱེད་རེད། ཁ་སེང་ཨ་རིའི་སྲིད་འཛིན་པེ་ཅིང་ལ་ཕེབས་སྐབས་ཨ་རི་སྲིད་འཛིན་དང་རྒྱ་ནག་སྲིད་འཛིན་གཉིས་ནས་གསར་འགོད་པ་ཚོར་ཐུགས་འཕྲད་སྐབས་མར་གསུང་བཤད་གནང་དགོས་པ་རྣམས་གནང་བ་མ་གཏོགས་གསར་འགོད་པ་ཚོས་ཡར་དྲི་བ་འདོན་ཆོག་གི་མི་འདུག བདེན་པར་གདོང་ལེན་བྱེད་ཐུབ་ཀྱི་མི་འདུག དེར་གཡོ་སྒྱུ་མང་པོ་ཞིག་འདྲེས་ཡོད་པར་བརྟེན་དྲི་བ་ཁག་པོ་དེ་འདྲ་དྲིས་པ་ཡིན་ན་རྙོག་གྲ་ཡོད་པ་རེད། དེ་འདྲ་ཡིན་དུས་རིགས་གཅིག་དྲི་བ་དྲིས་ལན་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག དེ་མིན་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་སྐྱག་རྫུན་མ་བཤད་པར་དྲང་པོ་བྱས་ཏེ་ཕྱི་གསལ་ནང་གསལ་བྱས་པ་ཡིན་ན་སོ་སོར་བདེ་སྐྱིད་ཡོང་གི་རེད། བདེ་སྐྱིད་ཡོང་བར་སེམས་ནང་ཕྲག་དོག འགྲན་སེམས། ངག་རྒྱལ་སོགས་ཡོད་པ་ཡིན་ན་ཡོང་གི་མེད། ཕན་སེམས་ཡོད་ན་བདེ་སྐྱིད་ཡོང་གི་ཡོད།
དེ་ང་ཚོ་ཚང་མས་ཤེས་དགོས་ཀྱི་འདུག དེ་འདྲ་ཡིན་དུས་ཆོས་ཀྱི་བསླབ་བྱ་སེམས་པ་བཟང་པོ་བྱེད་དགོས་རེད་ཟེར་བའི་བསླབ་བྱ་དེ་རྣམ་མཁྱེན་ཐོབ་རྒྱུའི་རྒྱུ་ཡིན་པ་ོས་མེད་ཐོག འཕྲལ་གྱི་ཚེ་འདིར་ཆ་བཞག་པ་ཡིན་ནའང་ཏན་ཏན་སྐྱིད་པ་ཡོང་གི་ཡོད་ཅེས་བཀའ་སྩལ། གཞན་ཡང་༸གོང་ས་མཆོག་གིས་ཆོས་ཀྱི་གོ་དོན་འགྲེལ་བརྗོད་མཛད་དོན། ཆོས་ཟེར་བ་དེ་སེམས་བཅོས་རྒྱུ་དང་སེམས་ལ་འགྱུར་བ་བཏང་བའི་སྒོ་ནས་སེམས་ལ་དངངས་སྐྲག་ཉུང་དུ་འགྲོ་རྒྱུ། མ་སྐྱིད་པ་ཉུང་དུ་འགྲོ་རྒྱུ་དེ་ཆོས་ལུགས་ཚང་མའི་གོ་དོན་གཅིག་མཚུངས་རེད་ཅེས་བཀའ་སྩལ་བ་དང་། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་མང་དག་ཅིག་ཡོད་པའི་གནས་སྟངས་ལ་གཞིགས་ནས་བཀའ་སློབ་མཛད་ཡོད། ཉིན་དེའི་སྔ་དྲོ་༸གོང་ས་མཆོག་གིས་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་ནང་ཆོས་ཀྱི་ངོ་སྤྲོད་དང་། བྱེ་བྲག་ཏུ་དེང་སྐབས་འཛམ་གླིང་ནང་ཆོས་ལ་དོ་སྣང་དང་འཕེལ་རྒྱས་འགྲོ་གི་ཡོད་སྐོར་བཀའ་སློབ་སྩལ་བ་སྦྲགས་ཉིན་རྒྱབ་ཆོས་འགྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད་པ་བཅས།།