༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷོ་མ་ནེ་ཤི་་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཨོ་རི་ས་ཕུན་ཚོགས་གླིང་གི་བོད་མིའི་གཞིས་སྒར་གྱི་གཞིས་གྲོང་བཞི་པའི་ནང་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པར་༸ཞབས་སོར་འཁོད་སྐབས་རི་དགོན་ཐུབ་བསྟན་སྨིན་གྲོལ་དགོན་པའི་དགེ་འདུན་རྣམས་ནས་དུང་རྒྱ་སྤོས་སྣེ་དང་མི་མང་རྣམས་ཀྱིས་ལག་ཏུ་སྤོས་དང་དཀར་གཙང་གི་མཇལ་དར་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་དགོན་ཁང་དུ་༸ཞབས་སོར་འཁོད་སྐབས་ནམ་མཁའ་རིན་པོ་ཆེ་མཆོག་དང་རྒྱ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་ཆིབས་སྒྱུར་གྲ་སྒྲིག་ཚོགས་ཆུང་ནས་མལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ་ཕེབས་བསུའི་རྟེན་འབྲེལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་ཡོད་པ་རེད། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་༸གོང་ས་མཆོག་ཅན་ལྷར་གྷཱ་རིའི་བོད་གཞུང་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་དགེ་ལས་སློབ་ཕྲུག་བརྒྱ་སྐོར་ཙམ་ལ་ལམ་སྟོན་བཀའ་སློབ་ཕེབས་དོན། ང་རང་ཚོ་བོད་མི་རང་ཉིད་ལ་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་འདང་ངེས་ཤིག་མེད་པ་ཆགས། དེ་འདྲས་རྐྱེན་པས་འཛམ་གླིང་ཕྱོགས་ལོགས་སུ་
འབྲེལ་བ་བྱ་རྒྱུ་དང་འཛམ་གླིང་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་དོ་སྣང་བྱས་ནས་ཚོད་དཔག་ལྟ་བུ་བྱས་ཏེ་དེ་འདྲ་ཞིག་གི་གནས་སྟངས་འོག་འདི་ལྟའི་འགྱུར་བ་ཡོང་གི་རེད་བསམ་པའི་སྔོན་དཔག་ལྟ་བུ་བྱས་ནས་དེ་ལུགས་ཀྱི་གྲ་སྒྲིག་བྱ་རྒྱུ་དེ་འདྲ་གང་ཡང་བྱུང་མེད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་ཕྱི་ལོ་ ༡༩༥༩ ཟླ་ ༤ མ་སུ་རིར་འབྱོར་བ་རེད། མ་སུ་རིར་འབྱོར་བའི་སྐབས་གཞི་ནས་དེ་སྔ་ང་ཚོའི་མི་རབས་གཉིས་གསུམ་ཞིག་གི་རིང་ལ་འཐུས་ཤོར་ཆེན་པོ་ཕྱིན་ཏེ་འཛམ་གླིང་སྤྱི་དང་མཐུན་པ་ང་ཚོས་འགྲོ་མ་ཐུབ་པའི་རྐྱེན་གྱིས་ང་ཚོར་གྱོང་དེ་རག་པ་རེད། བོད་ཕྲུག་སློབ་མ་རྣམས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་པ། དེར་བརྟེན་འདས་པའི་གནས་ཚུལ་ལ་ཕྱིར་མིག་ཅིག་བལྟས་ཡོང་སྐབས་འགྱོད་པ་སྐྱེ་རྒྱུ་ཞིག་རེད། འོན་ཀྱང་འགྱོད་པ་སྐྱེས་ནས་ཕན་ཐོགས་མེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཡོད་པའི་སྐབས་འདིར་རང་དབང་ཡོད་པ་དང་རྒྱ་གར་གཞུང་ནས་ཐུགས་ཁུར་ཆེན་པོས་རོགས་པ་གནང་གི་ཡོད་སྐབས། དེ་འདྲ་ཞིག་གིས་གནས་སྟངས་འོག་ང་ཚོས་སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེན་པོ་ཞིག་བརྩིས་པ་རེད། ང་ཚོ་བོད་ལ་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་སློབ་སྦྱོང་དངོས་གནས་ཧ་ལས་པ་རྒྱ་གར་ལ་དཔེར་ན། ན་ལེྡ་བརྗོད་ན། ལོ་རྒྱུས་ནང་ལ་སྐད་གྲགས་ཡོད་པ་ཞིག་རེད། གང་ལྟར་ན་ལེྡ་ནས་སློབ་སྦྱོང་སྤྲད་པ་ལྟར་ང་ཚོས་བོད་ནང་མི་རབས་ནས་མི་རབས་སློབ་སྦྱོང་སྤྲད་ནས་བསྡད་པ་རེད། འོན་ཀྱང་འཛམ་གླིང་ཕྱི་ཕྱོགས་ཀྱི་དེང་དུས་ཤེས་ཡོན་ཐོག་ལ་ང་ཚོས་ཧ་ལས་པའི་ལྷོད་གཡེང་བཏང་བའི་གནས་ཚུལ་ཆགས་པ་ཡིན་སྟབས། ང་ཚོ་བཙན་བྱོལ་ལ་གྱར་བའི་རྗེས་སུ་ཚུར་ཕྱོགས་འདིར་ཆོས་ཕྱོགས་ཀྱི་ཤེས་ཡོན་དེ་དག་མུ་མཐུད་ནས་ཟིན་ཐུབ་རྒྱུ་ཞིག་དང་དེའི་ཐོག་དེང་དུས་ཀྱི་ཤེས་ཡོན་ང་ཚོ་ཆ་རྐྱེན་མི་འདང་བ་ཡོད་པ་དེ་དག་གསབ་ཐུབ་རྒྱུའི་འབད་བརྩོན་དང་པོའི་འཆར་གཞི་དང་དམིགས་ཡུལ་དེ་རེད། འདས་པའི་ལོ་ལྔ་བཅུ་ལྷག་ཙམ་རིང་ལ་གང་ཙམ་གྱི་ང་ཚོས་བྱས་འབྲས་ཐོན་པ་ཡོད། ཡག་པོ་ཞེ་དྲག་རེད། ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་བཞིན་དུ་བོད་པའི་དགེ་རྒན་ཚོར་ཆ་བཞག་ན། རང་དོན་རང་གཅེས་རེད། སོ་སོའི་མི་རིགས་དང་སོ་སོའི་བུ་ཕྲུག སོ་སོའི་མི་རིགས་ཀྱི་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་རེད། དངོས་གནས་ལྷག་བསམ་དང་སྙིང་སྟོབས་ཡོད་ན་དཀའ་ངལ་ཆེ་ས་དེར་ཞབས་འདེགས་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད་འདུག ད་ལྟ་འདིར་བོད་ཡིག་དགེ་རྒན་ཨ་མདོ་བ་ཞིག་འདུག ཁོང་རང་བོད་ནས་བཙན་བྱོལ་དུ་ཡོང་། བོད་ནས་ཡོང་མཁན་བཙན་བྱོལ་བ་མང་པོ་ཞིག་ཨ་རི་དང་ཡུ་རོབ་ལ་འགྲོ་རྒྱུ་དེ་འདྲ་བྱེད་ཀྱི་ཡོད། ཁྱེད་རང་ཨོ་རི་ས་ཁུག་ཀྱོག་འདིར་དགེ་རྒན་བྱས་ནས་སྡོད་ཀྱི་ཡོད་པ་དེ་ཧ་ལས་པའི་རླབས་ཆེན་རེད། འགྲིག་འདུག་ཐུགས་རྗེ་ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོ་སློབ་ཕྲུག་ཚོར་ཆ་བཞག་ན། ཉིན་གཅིག་ཡིན་ཡང་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་ཞིག་ཁྱེད་རང་ཚོ་གཟབ་གཟབ་བྱེད་ཤོག་ཨང་། ཞེས་བཀའ་སློབ་ཕེབས་ཡོད། དེ་རྗེས་༸གོང་ས་མཆོག་གིས་སློབ་གྲྭའི་ལས་བྱེད་རྒྱ་གར་ཡུལ་མི་ཚོས་ས་གནས་བོད་མི་ཚོར་ད་བར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་མཛད། ཡང་མགོན་པོ་གང་ཉིད་ནས་གཏན་སློབ་དེར་ཡར་རྒྱས་གཏོང་ཆེད་ཞལ་འདེབས་ཧིན་སྒོར་འབུམ་ ༢༥ གསོལ་རས་སྩལ་ཡོད་པ་མ་ཟད། སློབ་ཕྲུག་ཚོར་གླིང་ཁ་གཏོང་ཆེད་ཧིན་སྒོར་ ༡༥༠༠༠ འཕར་མ་ཡང་གསོལ་རས་སྩལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།