༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པའི་དབུ་ཁྲིད་འོག རྒྱ་བལ་འབྲུག་གསུམ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བླ་སྤྲུལ་དགེ་བཤེས་དང་། གནད་ཡོད་མི་སྣ། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་བཅས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་འདིར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀྲིན་བདག་གིར་བཞེས་པ། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བ་དང་བཅས། དེ་རིང་འདིར་ཚོགས་ཕེབས་གནང་བའི་ཆེས་བཀུར་བར་འོས་པའི་སྐུ་མགྲོན་རྣམ་པ་ཐུགས་འཁུར་ཆེ་བཞེས་ཀྱིས་ངལ་བ་ལ་མ་ལྟོས་པར་ཚོགས་ཕེབས་གནང་བར། གུས་ནས་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་ཞུས་བྱོན་པ་ལེགས་དང་བཀྲིས་བདེ་ལེགས་ཞུ་གི་ཡོད།
ཇི་ལྟར་དབྱིངས་མངའ་བཞིན་དེང་འཇིག་རྟེན་འདིར་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་ཞིང་རྐྱེན་ངན་སྣ་ཚོགས་ཀྱིས་འགྲོ་རྣམས་གདུང་བ་མ་ཟད། རྫས་སྦྱོར་དུག་རླངས་དང་གཏེར་ཁ་སྔོག་འདོན་སོགས་རང་བྱུང་འབྱུང་ཁམས་ལ་བག་མེད་ལོངས་སུ་སྤྱོད་པའི་དབང་གིས་ཁོར་ཡུག་ཉམས་ཉེས་ཀྱིས་སྔར་མ་གྲགས་པའི་རིམ་ནད་དང་ཐན་པ། ཆུ་ལོག ས་ཡོམ་སོགས་ཀྱིས་སྐྱེ་འགྲོ་རྣམས་ཆགས་འཇིག་གི་མཚམས་སུ་ཕྱོགས་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་མཐོ་སྒང་དང་ཨེ་ཤི་ཡའི་དཀྱིལ་དུ་ཆགས་པའི་བོད་དང་ཧི་མ་ལ་ཡའི་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེན་ལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་མོ་ནས་རྒྱལ་སྤྱིའི་ནང་སྤྱི་སྒེར་གྱི་ཁོར་ཡུག་ཚོགས་འདུ་དང་། ལྷག་པར་ཆོས་ཚོགས་ཐེང་བཅུ་པ་སོགས་སྔ་རྗེས་སུ་བཀའ་སློབ་ལམ་སྟོན་གནང་བའི་དགོངས་གཞི་ལྟར། ད་ལམ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པའི་བུ་ཁྲིད་འོག རྒྱ་བལ་འབྲུག་གསུམ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བླ་སྤྲུལ་དང་། གནད་ཡོད་མི་སྣ། དགོན་སྡེ་ཁག་གི་སྐུ་ཚབ་གྲྭ་བཙུན་བཅས་པའི་ལྷན་ཚོགས་འདི་གོ་སྒྲིག་ཞུས་པ་ཞིག་ཡིན།
སྤྱིར་འཇིག་རྟེན་འདིར་ཕྱི་སྣོད་ཀྱི་ཁོར་ཡུག་ཕུན་སུམ་ཚོགས་པ་གནས་ན་དེར་རྟེན་པའི་ནང་བཅུད་སེམས་ཅན་རྣམས་ཀྱང་བདེ་སྐྱིད་ངང་འཚོ་གནས་ཐུབ་པ་དང་། དེ་ལ་རྟེན་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སོགས་གནའ་དེང་གི་ཤེས་ཡོན་རྣམས་ཀྱང་གནས་ཐུབ་པ་ནི་ཕན་ཚུན་རྟེན་འབྲེལ་ལམ་ལྟོས་གྲུབ་ཡིན་པ་གསལ་པོ་རྟོགས་ཐུབ་པ་ཞིག་རེད།
བྱེ་བྲག་བོད་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་སྒང་གི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱ་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏེ། དེ་ཡང་ཡུལ་ལྗོངས་འདི་དག་ནི་འཛམ་གླིང་ས་ཡི་གོ་ལའི་ཆེས་མཐོ་སྒང་དང་ཨེ་ཤི་ཡའི་དབུས་སུ་གནས་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དང་འབྲེལ་བ་ཤིན་ཏུ་ཆེ་ན། རི་རྒྱུད་འདི་དག་གི་ཁོར་ཡུག་ནི་རྒྱལ་སྤྱིའི་འབྱུང་ཁམས་ཆ་སྙོམས་མིན་དང་མཁའ་རླུང་གཙང་མིན། དེས་སྐྱེ་འགྲོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་བ་ཆ་སྙོམས་ཐུབ་ མིན། གནམ་གཤིས་འགྱུར་ལྡོག་དང་ཆར་ཆུ་དུས་སུ་འབེབས་མིན། ལོ་ཕྱུགས་ལེགས་མིན་དང་སྐྱེ་འགྲོའི་འཕྲོད་བསྟེན། རླུང་འཚུབ་དང་ཆུ་རུད། ས་ཡོམ་དང་འབྱུང་བའི་གོད་ཆག་སོགས་སྔར་མ་གྲགས་པའི་འབྱུང་བའི་འཇིག་པ་རྣམས་འབྱུང་མིན་ལ་འབྲེལ་བ་མངོན་གསལ་ཇེ་ཆེར་ཆགས་བཞིན་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོས། ” འཇོན་ཐང་ཆེ་ཆུང་དང་། ཤེས་ཡོན་ཡོད་མིན། ལག་རྩལ་ཡོད་མིན་བཅས་གང་ལྟར་ཡང་། རང་བྱུང་སྣོད་བཅུད་ནི་ང་རང་ཚོ་འགྲོ་བ་མི་ཐུན་མོང་གི་འཚོ་བའི་རྟེན་གཞི་ཉག་གཅིག་ཡིན། ངོས་ཀྱི་བསམ་པར་སྔོན་དུས་མིའི་བློ་གྲོས་ཀྱི་གནས་ཚད་འདི་འདྲའི་ཆེན་པོ་ཞིག་མེད་ཀྱང་། དེང་སང་ཚན་རིག་དང་ལག་རྩལ་ལ་བརྟེན་ནས་མིའི་རྣམ་དཔྱོད་ཆེ་རུ་འགྲོ་བའི་སྐབས་འདིར་རང་རེ་མི་རྣམས་ཀྱིས་རང་བྱུང་སྣོད་བཅུད་ཀྱི་ཡོན་ཏན་དང་བཀའ་དྲིན་ཡིད་ནས་བརྗེད་པ་ལྟ་བུ་བྱེད་ཀྱི་འདུག སྐབས་ལ་ལར་ང་ཚོའི་ལོག་རྟོག་ལ་མིའི་རིགས་ཀྱིས་ཚན་རིག་ལག་རྩལ་ལ་བརྟེན་ནས་རང་བྱུང་ཁམས་ལ་དབང་བསྒྱུར་བྱེད་ཐུབ་སྙམ་གྱི་ཡོད། ཕྱོགས་ཁ་ཤས་ཐད་ང་ཚོས་དབང་སྒྱུར་དང་འདུལ་སྦྱོང་བྱེད་ཐུབ་ཀྱང་། རང་བྱུང་གི་ཁམས་ཧྲིལ་པོར་དབང་བསྒྱུར་བྱེད་ཐུབ་སྙམ་པ་ནི་སྟོང་བསམ་ཁོ་ན་ཡིན། དེར་བརྟེན་ད་ཆ་ང་ཚོས་བྱེད་དགོས་པ་ཞིག་ནི། སའི་གོ་ལ་དང་རང་བྱུང་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་རྒྱུས་མངའ་ལོན་པ་དང་ཤེས་རྟོགས་ཐུབ་པ་བྱེད་དགོས། གལ་ཏེ་ང་ཚོས་ད་དུང་བྱ་བ་ལོག་པའི་ལམ་དུ་ཞུགས་པ་ཡིན་ན། འགྲོ་བ་མི་ཐེ་བའི་འཛམ་གླིང་ཧྲིལ་པོ་འདི་ཉིན་གཅིག་ནག་འཐོམ་མེའི་ངང་སྟོངས་སུ་འཇུག་ངེས་ཡིན། ” ཞེས་བཀའ་སློབ་ཟབ་མོ་ཕེབས་ཡོད། ༼༡༩༩༢་༦་༥ཉིན་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུགཚོགས་ཆེན་སྐབས་གསར་འགོད་ལྷན་ཚོགས་སར་བཀའ་གནང་ཡོད།༽
དེང་རྒྱལ་སྤྱི་དང་ས་ཡི་གོ་ལའི་མཐོ་སྒང་དང་ཨེ་ཤི་ཡའི་དཀྱིལ་ན་གནས་པའི་བོད་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་གི་གནས་བབ་ལ་དཔྱད་ན། སྤྱིར་འཛམ་གླིང་ནང་ཡར་རྒྱས་གོང་འཕེལ་དང་བདེ་བ་མི་འདོད་མཁན་མེད་ཀྱང་དེ་ཉིད་དོན་དུ་གཉེར་བར་སྤྱི་སེམས་དང་ཀུན་ཁྱབ་སེམས་འཁུར་སོགས་ཀྱི་བསམ་སྦྱོར་ཉུང་དྲགས་པ། རང་ཁེ་དང་རང་བདེ་གཙོ་བཟུང་གིས་སོ་སོའི་ནང་མི་དང་ཉེ་འབྲེལ། ཚོགས་པ་དང་སྐྱིད་སྡུག མངའ་སྡེ་དང་རྒྱལ་ཁབ། ཤར་གླིང་དང་ནུབ་གླིང་སོགས་རིས་སུ་བཅད་པའི་རང་བདེ་དོན་གཉེར་ལ་འཇུག་ཆེ་བའི་རྐྱེན་གྱིས་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་འཕྲད་བཞིན་པ་སྟེ། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། རང་གི་བདེ་བ་དགྲ་ལྟར་འཇོམས། །གསུངས་པ་ལྟར་རང་ཕྱོགས་ཀྱི་ཁེ་ཕན་ཁོ་ནར་དམིགས་ནས་དེང་འཁྲུགས་ཆ་ཆེ་བའི་འཇིག་རྟེན་འདིར་ཕྱི་དངོས་པོའི་ཡར་རྒྱས་གཅིག་པུ་ལ་རེ་སྨོན་གྱིས། ཁོར་ཡུག་བེད་སྤྱོད་ལོག་པར་བཏང་དང་གཏོང་བཞིན་པ་འདིས་འགྲོ་བ་རྣམས་ཀྱི་ལུས་སེམས་གཉིས་ཀའི་བདེ་བ་འཇོམས་པར་བྱེད་པ་ནི་མཐོང་ཆོས་སུ་གྱུར་ཡོད། འཇིག་རྟེན་འདིའི་སྐྱེ་འགྲོ་རྣམས་འཚོ་གནས་ཐུབ་མིན་གྱི་གཞི་རྩ་ཉག་གཅིག་ནི། བརྟེན་པ་ས་གཞིའི་དཀྱིལ་འཁོར་འདི་རག་ལུས་པའང་། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བརྟེན་ལགས་པར་གསུངས། །ཞེས་པ་ལྟར་རྒྱུ་བ་སྐྱེ་འགྲོ་སེམས་ཅན་རྣམས་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་སོགས་ཀུན་གྱི་གཞི་བརྟེན་ནི་ས་གཞིའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཡིན་པ་གསལ་སྟོན་བྱས་ཡོད། དེས་ན་ནང་བཅུད་ཀྱི་སེམས་ཅན་རྣམས་འཚོ་གནས་ཐུབ་མིན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ལ་རག་ལས་ཡོད་པ་བློ་གཟུ་བོར་གནས་པ་རྣམས་ཀྱིས་རྟོགས་ཐུབ་པ་ཞིག་ཡིན། འོན་ཀྱང་དེང་སང་གནས་སྐབས་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་མེ་འཁོར་དང་སྣུམ་འཁོར་སོགས་འཁོར་ལམ་འདྲ་མིན་གཏོད་པ་དང་། ཁང་པ་དང་བཟོ་གྲྭ། ཡོངས་གྲགས་ཀྱི་ཆུ་བོ་ཆེན་པོ་རྣམས་བཀག་བསྐྱིལ། རང་བྱུང་གི་མཚོ་དང་མཚེའུ་རྣམས་བེད་སྤྱོད་ལོག་པ་། རྒྱལ་སྤྱིའི་ཆུའི་འབྱུང་ཁུངས་ཁག་ཁ་སྒྱུར། གཏེར་ཁ་སྔོག་འདོན་དང་རི་ལ་ཁུང་བུ་བྲུས་པ། རྩི་ཤིང་ནགས་ཚལ་གཅོད་འབྲེག རང་བྱུང་རླུང་རྫས་སྔོག་འདོན། རྩ་ཐང་ལ་ར་བ་སྐོར་བ་དང་དུག་རྫས་གད་སྙིགས་གང་བྱུང་དུ་འདོར་བ། སྐམ་གཤེར་ལ་གནས་པའི་སེམས་ཅན་རིགས་རྔོན་པ་དང་འཛིན་བཟུང་སོགས་འདོད་རྔམ་ཆེན་པོས་ཤིན་ཏུ་མ་རུང་པའི་ལས་ལ་འཇུག་པ་ནི། རང་གིས་རང་འཆིང་བ་དང་རང་ཉིད་རང་གིས་ཕུང་པའི་རྒྱུ་རུ་འགྱུར་བཞིན་ཡོད།
བྱེ་བྲག་འཛམ་གླིང་ས་ཡི་གོ་ལའི་མཐོ་སྒང་དང་ཨེ་ཤི་ཡའི་དཀྱིལ་ན་གནས་པའི་བོད་གངས་ལྗོངས་དང་ལྷག་པར་དུ་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི། རྒྱལ་སྤྱི་དང་ཨེ་ཤི་ཡའི་རྒྱལ་ཁབ་བཅས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འགྲོ་བ་རྣམས་འཚོ་གནས་ཐུབ་མིན་ལ་རག་ལུས་པ་མངོན་གསལ་གྱུར་ཟིན་པ་ཞིག་དང་། དེ་དག་གི་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་སྣང་མ་གནང་བར་རང་དོན་གཙོ་བཟུང་གིས་དུས་འདའ་བ་ཡིན་ན། ཉིན་ཞིག་བོད་པའི་བཤད་སྲོལ་ལྟར་རི་ལུག་པ་ཐག་པས་མི་འདུམ་པའི་དཔེ་བཞིན་འབྱུང་ངེས་པ་ནི། དེ་ཡང་། དེང་རྒྱལ་སྤྱི་དང་ཨེ་ཤི་ཡའི་ཆུ་མགོའི་སྲིད་པའི་གངས་དང་འཁྱགས་རོམ་རྣམས་བཞུར་བ། གཏན་འཁྱགས་ཆགས་རིམ་ཚ་དྲོད་འཕར་བ། ས་འོག་ཆུ་ཉུང་དུ་འགྲོ་བ་དང་ཆུ་ཆེན་རྣམས་སྐེམ་བཞིན་པ། རྩ་ཐང་བྱེ་ཐང་དུ་འགྱུར་བཞིན་པ། མཚོ་མཚེའུ་དག་གི་མཐའ་འཁོར་རྣམས་བྱེ་ཐང་འགྱུར་བཞིན་པ། གངས་རིན་པོ་ཆེའི་མཐའ་འཁོར་བྱེ་ཐང་འགྱུར་བཞིན་པ། གཏེར་ཁ་སྔོག་འདོན་གྱི་ཆུ་བཙོག་གིས་སྒོ་ཕྱུགས་དང་རི་དྭགས་སོགས་འཚོ་གནས་དཀའ་བ། མཚོ་དང་མཚེའུའི་དྭངས་བསིལ་གྱི་ཡོན་ཏན་ཉམས་པས་དེ་དག་ལ་གནས་པའི་སྲོག་ཆགས་རྣམས་རྩ་མེད་དུ་འགྲོ་བ། རྩི་ཤིང་ནགས་ཚལ་གཅོད་འབྲེག་གིས་ས་ཡི་བཅུད་ཉམས་ཤིང་ཆར་ཆུ་དུས་སུ་མི་འབབ་ཅིང་སྔོན་མེད་རླུང་འཚུབ་དང་ཆུ་ལོག་གིས་ལྡང་བ། བཟོ་གྲྭ་དང་སྣུམ་འཁོར་སོགས་ཀྱི་དུག་རླངས་ཀྱིས་མཁའ་རླུང་བཙོག་པར་གྱུར་པ་སོགས་མདོར་ན། རང་བྱུང་ཁམས་ལ་བག་མེད་ལོངས་སྤྱོད་དང་ཁོར་ཡུག་འབག་བཙོག་གིས་རྐྱེན་པས། དུས་བཞིའི་འབྱུང་བ་གོ་ལྡོག་པ་སོགས་སྣོད་བཅུད་གཉིས་ཀར་ཉམས་རྒུད་ཚབས་ཆེས་ཆགས་འཇིག་གི་མཚམས་ལ་ཕྱོགས་བཞིན་པ་ནི་གོང་དུ་རྒྱལ་སྲས་ཞི་བ་ལྷའི་ལུང་ལྟར། བདེ་བ་འདོད་ཀྱང་དེའི་རྒྱུ་སྤོང་བ་དང་སྡུག་བསྔལ་མི་འདོད་ཀྱང་དེ་ཉིད་ལ་འཇུག་གི་ཡོད་པའི་དགོངས་ཚུལ་ལྟར། རང་མགོ་རང་གིས་གཡོག་རང་ཉིད་རང་གིས་ཕུང་པ་ཞིག་ཡིན་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད།
གོང་གསལ་རྒྱུ་མཚན་དེ་དག་ལ་གཞིགས་ཏེ་འཛམ་གླིང་སྤྱི་དང་། བྱེ་བྲག་ས་ཡི་གོ་ལའི་མཐོ་སྒང་ལྷག་པར་ཨེ་ཤི་ཡའི་དཀྱིལ་ན་གནས་པའི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོས་འཛམ་གླིང་སྤྱི་དང་བྱེ་བྲག་ཨེ་ཤི་ཡའི་ཆགས་འཇིག་དང་འབྲེལ་ཆགས་ས་ཁུལ་འདི་དག་གི་གནས་ཡུལ་དགོན་སྡེ་དང་ཡུལ་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གོ་རྟོགས་སྤེལ་རྒྱུ་དང་། སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་ཁོར་ཡུག་སྤྱི་དང་ནང་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ཚུད་ཐབས། གད་སྙིགས་འདུ་འགོད། ས་ཆུ་བདག་གཅེས། དུག་རླངས་ཉུང་འཕྲི་སོགས་ཀྱི་ལས་གཞི། ཤིང་སྣ་འདེབས་འཛུགས་དང་ཤིང་ནགས་སྲུང་སྐྱོབ་སྐོར་གྱི་ལས་གཞི། བབ་ཆུ་ཁག་གི་སྲུང་སྐྱོབ་དང་འབག་བཙོག་སེལ་ཐབས་ཀྱི་ལས་གཞི། སོ་ནམ་དང་ཤིང་ཏོག་འདེབས་ལས་སྐྱེ་ལྡན་དུ་བསྒྱུར་རྒྱུའི་ལས་གཞི། རི་རྒྱ་ རླུང་རྒྱ་སྡོམ་པ། ཆོས་ཕྱོགས་ནས་ཡུལ་ལྷ་བསང་གསོལ་དང་ས་བཅུད་བུམ་པ་བསྒྲུབ་རྒྱུ། ཆར་འབེབས་སོགས་ཀྱི་ལས་གཞི་གང་ལ་ཇི་དགེ་སྤེལ་རྒྱུ་ནི་ནང་པ་སྤྱི་དང་ལྷག་པར་དུ་རང་རེ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དགོན་སྡེ་ཁག་མཉམ་འབྲེལ་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བ་ཡིན་ན། གོང་ཞུས་ལྟར་ཁོར་ཡུང་སྲུང་སྐྱོབ་ལ་ཕན་ཐོགས་འབྱུང་བ་མ་ཟད། ཐུབ་པས་གཞན་དོན་བྱས་པས་རྫོགས་སངས་རྒྱས། ཞེས་པ་ལྟར་འཇིག་རྟེན་མི་ཆོས་ཙམ་མ་ཟད་དམ་པ་ལྷ་ཆོས་ཀྱི་དགོངས་དོན་དང་མཐུན་པར་གཞན་ཕན་ཀུན་སློང་བཟང་པོས་འབད་བརྩོན་སྔར་ལྷག་གནང་རོགས་ཞུ་རྒྱུ་ཡིན།
དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ” ངོས་ཀྱི་བསམ་པར། དཔེར་ན། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལྟ་བུའི་སྤྱི་སྒེར་གང་སར་གནོད་ཚབས་ཆེ་བའི་གནད་དོན་འདི་རིགས་ལ་མི་ཚོར་དོ་སྣང་སླེབས་ཡོད་ཀྱང་། དེ་མིན་མངོན་གསལ་དེ་ཙམ་མེད་པར་རིམ་པས་ཁོར་ཡུག་གཏོར་བརླག་ཚབས་ཆེ་འགྲོ་ཉེན་གྱི་འགལ་རྐྱེན་དེ་ཚོར་སྣང་ཆུང་བྱེད་བཞིན་འདུག་སྙམ། ནམ་ཞིག་གནད་དོན་ཆུང་ངུ་དེ་ཚོ་ཆེན་པོར་གྱུར་ནས་ཚང་མས་ཧ་ལས་པ་དང་འཇིགས་སྣང་བྱེད་པའི་དུས་ལ་སླེབ་དུས་ཕལ་ཆེར་ཕྱིས་དྲགས་པ་ཡིན་པས། ང་ཚོས་གནད་དོན་ཆུང་ཆུང་ཡིན་ཡང་། དུས་ཐོག་ཤེས་པ་བྱས་ནས་སྤྱི་སྨན་ཀུན་ཕན་གྱི་བསམ་བློ་ཞིག་བཅངས་ཏེ་འཇིག་རྟེན་སྤྱིའི་སེམས་ཁུར་དང་སྲུང་སྐྱོབ་བྱ་དགོས། ” ཞེས་བཀའ་བསྩལ་གནང་ཡོད། ༼༡༩༩༢་༦་༥ཉིན་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུགཚོགས་ཆེན་སྐབས་གསར་འགོད་ལྷན་ཚོགས་སར་བཀའ་གནང་ཡོད།༽
དེས་ན་གོང་དུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འཛམ་གླིང་སྤྱིའི་བདེ་སྡུག་དང་འབྲེལ་བའི་མཐོ་སྒང་བོད་དང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་སྐོར་སྤྱི་དང་། བྱེ་བྲག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་ཕེབས་རྣམས་ཐུགས་བཅང་གིས། ད་རེས་ཀྱི་ལྷན་ཚོགས་འདིའི་དམིགས་དོན་བཞིན་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐུབ་པའི་རེ་འདུན་སྙིང་ནས་ཞུ་གི་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་སྤྱི་དང་བྱེ་བྲག་མཐོ་སྒང་གི་བོད་གངས་ཅན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལེགས་གྲུབ་ཀྱིས་འགྲོ་རྣམས་བདེ་དགའི་དཔལ་ལ་སྤྱོད་པ། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱིས་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་བཅས།
བཙན་བྱོལ་བོད་གཞུང་ཆོག་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱིས་ ༢༠༠༩ ཟླ་བ་ ༡༡ ཚེས་ ༢༣ ཉིན།།