༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་རྒྱ་གཞུང་གིས་ཁམས་ཉག་ཆུའི་ཁུལ་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པ་དེར་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་དེ་དག་མཚམས་འཇོག་དགོས་པའི་རྒྱ་ཁྱབ་འབོད་སྐུལ་གྱི་ཞུ་ཡིག་གཅིག་ཕུལ་ཡོད་པ་གཤམ་དུ་བཀོད་ཡོད།
འབོད་སྐུལ།
ཉེ་ལམ་ཉག་ཆུ་ས་ཁུལ་ནས་བོད་མི་བདུན་ཁྲན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་མཇལ་དུ་ཕྱིན་པ་རེད། རིན་པོ་ཆེ་མཆོག་ནི་བོད་ཤར་ཕྱོགས་སུ་སྙན་གྲགས་ཤིན་ཏུ་ཆེ་བེའི་བླ་མ་ཞིག་རེད། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༠༥ ལོར་སྲོག་ཁྲིམས་ཕོག་ཡོད་ཀྱང་ད་བར་བཀག་ཉར་བྱས་ཡོད། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་འབར་རྫས་བརྒྱབ་པའི་ཉེས་འཛུགས་ཀྱི་ཁ་གཡོག་བྱས་པ་དེ་བདེན་པ་མིན་པར་བརྟེན་བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་གློད་བཀྲོལ་དགོས་པའི་ལས་འགུལ་ཤུགས་ཆེ་ཞིག་སྐབས་དེར་སྤེལ་ཡོད། རྒྱ་གཞུང་གིས་བོད་མི་དེ་དག་ལ་སྤྲུལ་སྐུ་མཇལ་འཇུག་རྒྱུའི་ཚབ་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད། དེར་བརྟེན་ས་ཁུལ་དེ་གའི་བོད་མི་ ༩༠ ཙམ་གྱིས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༥ ཉིན་རྫོང་གི་ལས་ཁུངས་སུ་འདུ་འཛོམས་ཐོག་འཛིན་བཟུང་བྱས་པའི་བོད་མི་བདུན་པོ་དེ་དག་སྤྲུལ་སྐུ་མཇལ་ཐབས་བྱས་པ་ལས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་སྟབས་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཀྱང་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་ཡོད། མིག་མཐོང་ལག་ཟིན་བྱུང་བའི་ཁུངས་ལྡན་གྱི་གནས་ཚུལ་ལ་གཞིགས་ན་སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་བོད་མི་དེ་དག་ལ་རྡུང་རྡེག་ཚབས་ཆེ་བཏང་བའི་ཐོག་འཛིན་བཟུང་བྱས་ཡོད་པ་མ་ཟད་ཁོང་ཚོའི་སྦག་སྦག་ཀྱང་གཏོར་སྐྱོན་བཏང་ཡོད། སྐབས་དེར་མིག་མཐོང་ལག་ཟིན་བྱུང་བའི་བོད་མི་རྣམས་ཀྱིས་ས་གནས་དེར་གཏོར་བཤིག་བཏང་བའི་སྦག་སྦག་དང་ས་སྟེང་ལ་ཁྲག་ཤུལ་ཡོད་པ་དངོས་སུ་མཐོང་ཡོད་པ་མ་ཟད། འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་མིང་ཡང་བཏོན་ཡོད།
གནས་ཚུལ་གསར་ཤོས་ལྟར་ན་བོད་མི་ ༣༠༠ ཙམ་གྱིས་ས་གནས་དེར་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་འཛིན་བཟུང་བྱས་པའི་བོད་མི་དེ་དག་གློད་བཀྲོལ་དགོས་པའི་ཞི་བའི་ལས་འགུལ་སྤེལ་ནས་ཉིན་གསུམ་འགྲོ་བཞིན་ཡོད་འདུག ས་གནས་དེར་གཞན་ཐག་རིང་ནས་བོད་མི་མང་པོ་འདུ་འཛོམས་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་འདུག རྒྱ་གཞུང་གིས་བོད་མི་སུ་གཅིག་ཀྱང་གློད་བཀྲོལ་གཏོང་རྒྱུ་མིན་པའི་ལངས་ཕྱོགས་དེ་མཁྲེགས་བཟུང་བྱས་པ་མ་ཟད། ད་དུང་བོད་མི་ཚོའི་ཐོག་ཤུགས་ཆེའི་གོ་མཚོན་བེད་སྤྱོད་གཏོང་རྒྱུ་ཡིན་པའི་སྡིགས་ར་བཏང་ཡོད། སྔ་ལོ་བོད་ནང་ཞི་རྒོལ་སྐབས་བྱུང་བ་བཞིན་སླར་ཡང་བོད་མི་དམར་གསོད་བཏང་བའི་དོན་རྐྱེན་དེ་ཡང་བསྐྱར་ཡོང་རྒྱུའི་སེམས་ཁྲལ་ཡོད། དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་བ་ཚོ་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་འཚེ་མེད་ཞི་བར་ཡིད་ཆེས་གནང་མཁན་བཅས་ཚང་མས་རྒྱ་གཞུང་ལ་དྲག་སྤྱོད་མཚམས་འཇོག་དང་དོན་གནས་དེ་དག་ཞི་བའི་ཐོག་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན།།