༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ནང་འཚོགས་གཏན་འཁེལ་འདུག དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམས་བཞུགས་གྲལ་དུ་འཁོད་རྗེས་ཆུ་ཚོད་ ༩།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ཤོད་བོད་ཁྱིམ་སློབ་ཕྲུག་གིས་གླུ་གར་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཐོག་གདན་ཞུས་ཀྱིས་ཚོགས་མགོན་དུ་༸ཞབས་སོར་འཁོད་དེ་སྣང་གསལ་ཞལ་འབྱེད་མཛད་རྒྱུ་དང་།
དེ་རྗེས་དགེ་འདུན་བཞི་གྲྭ་ནས་ཤིས་བརྗོད་གསུང་འདོན་གནང་རྒྱུ་དང་ཆབས་ཅིག་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུ་རྒྱུ། དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་ཕེབས་བསུ་དང་ཚོགས་འདུ་ངོ་སྤྲོད་ཀྱི་སྙན་སྒྲོན་ཞུ་རྒྱུ། དེ་རྗེས་ཤེས་རིག་དྲུང་ཆེས་ཤེས་ཡོན་གྱི་གནས་བབ་དང་ལས་དོན་གྱི་སྙན་ཐོ་སྙིང་བསྡུས་ཤིག་སྙན་སྒྲོན་ཞུ་རྗེས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྒྱུ། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དབུ་འབྱེད་མཛད་པ་དང་ལྷན་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྒྱུ། དེ་རྗེས་ཤེས་རིག་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་དང་། ཆུ་ཚོད་ ༡༡། ༣༠ ཐོག་ཚོགས་ཆེན་ཚོགས་ཐུན་དང་པོར། བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་སྤྱི་དང་། ཁྱད་པར་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་ཐོག་བཀའ་ཤག་གི་ལམ་སྟོན་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ། ཆུ་ཚོད་ ༢།༠༠ ཐོག་ཚོགས་ཐུན་གཉིས་པ། ཕྱི་ལོ་ ༢༠༠༣ ལོར་ཚོགས་པའི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་དང་། ཕྱི་ལོ་ ༢༠༠༥ ལོར་ཚོགས་པའི་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་དང་དགོངས་འཆར་ཁག་ལག་བསྟར་ཇི་ཞུས་སྐོར་སྙན་ཐོ་སྒྲོགས་སྦྱང་དང་དོགས་འདྲི་གནང་དགོས་རིགས་གནང་རྒྱུ། ཆུ་ཚོད་ ༣།༣༠ ཐོག་ཚོགས་ཐུན་གསུམ་པ། ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་གཞི་དོན་ཚན་ཁག་དང་ཚོགས་ཆུང་གི་ལས་དོན་བྱ་ཕྱོགས་ངོ་སྤྲོད་གནང་རྒྱུ།
ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་ཚོགས་ཆུང་ཁག་འཚོགས་རྒྱུ་དང་མཐར་ཚོགས་ཆུང་ཁག་སོ་སོའི་གྲོས་ཆོད་ཡིག་ཆ་གཏན་འབེབས་གནང་རྒྱུ།
ཕྱི་ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཚོགས་ཐུན་བཞི་པ། ཚོགས་ཆུང་སོ་སོའི་གྲོས་ཆོད་ཁག་ཚོགས་ཆེན་ཐོག་སྙན་སྒྲོན་ཞུ་རྒྱུ་དང་ཚོགས་ཐུན་ལྔ་པར་དེ་བཞིན་གནང་རྒྱུ། ཚོགས་ཐུན་དྲུག་པ། ཚོགས་ཆུང་ཁག་གི་གྲོས་ཆོད་རྣམས་མང་མོས་ཀྱིས་ཕྱོགས་བསྡོམས་བྱ་རྒྱུ། ཚོགས་ཐུན་བདུན་པ། ཚོགས་ཆེན་གྱི་གྲོས་ཆོད་གཏན་འབེབས་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་གྱི་མཐའ་བསྡོམས་གསུང་བཤད་གནང་རྒྱུ་དང་ཤེས་རིག་ལས་ཁུངས་ནས་ཚོགས་བཅར་བ་ཡོངས་ལ་གཞུང་འབྲེལ་གྱི་གསོལ་སྟོན་བཤམ་རྒྱུ་དང་ཕྱོགས་མཚུངས་ཕྱི་ཚེས་ ༣༠ ནས་ ༣༡ བར་ཉིན་གྲངས་གཉིས་རིང་ཤེས་ཡོན་མཁས་པའི་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་པ་ལྟར་ཅེཎའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཌོག་ཊར་ར་མུ་མ་ཌྷི་ཝ་ནམ་མཆོག་གིས་ (Challenges in the Contemporary Indian Education System) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་རྒྱུ།
དེ་ནས་ཝར་ཌྷ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཁས་དབང་ངག་དབང་བསམ་གཏན་མཆོག་གིས་བོད་མིའི་ཤེས་ཡོན་གྱི་ལངས་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་རྒྱུ། ཕྱི་ཚེས་ ༣༡ ཉིན་ཨ་རིའི་ཁལ་ལི་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་མཁས་དབང་ངག་དབང་ཕུན་ཚོགས་མཆོག་གིས་ (School Education and Higher Research Studies) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་རྒྱུ། དེ་ནས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་ཡིན་པ་བཅས་སོ།