༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༨ ནས་ ༢༠ བར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གྱི་ཟབ་སྦྱོང་ཞིག་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་ཞུས་ཏེ་གངས་སྐྱིད་ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་ཚོགས་ཁང་ནང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྣམ་པ་དང་ཚོགས་བཅར་རྣམས་བཞུགས་གྲལ་དུ་འཁོད་རྗེས་དྲུང་གཞོན་ཚེས་གསུམ་ལྷ་མོ་ལགས་ནས་ཟབ་སྦྱོང་གི་མཛད་རིམ་སྙན་སྒྲོན་ཞུས། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་ཁྲིམས་ལུགས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། དང་པོ། ས་གནས་མི་མང་གི་དཀའ་རྙོག་དེ་ཁ་མཆུའི་བྱ་རིམ་ཚགས་ཚུད་ཐོག་ནས་སེལ་ཐུབ་རྒྱུ་དང་། གཉིས་པ། མང་ཚོགས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཆེད་ཡིན། དེ་བཞིན་ཟབ་སྦྱོང་འདི་དག་འོད་སྡེར་བཟོས་ཏེ་གཞི་རིམ་མང་ཚོགས་ནང་ཁྲིམས་ལུགས་གོ་རྟོགས་ཡོང་སླད་གང་མང་སྟོན་རྒྱུ་དང་། མང་གཙོའི་དུས་ཆེན་སྐབས་ས་གནས་ཁྲིམས་ཞིབ་པ་ཚོས་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་གང་ལེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་མ་འོངས་ས་གནས་ཁྲིམས་ཞིབ་པ་སྐྱེད་སྲིང་ཐུབ་རྒྱུའི་ཟབ་སྦྱོང་གི་ལས་འཆར་ཞིག་ཀྱང་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་། ཐེངས་འདིའི་ཟབ་སྦྱོང་གི་བརྗོད་གཞི་ནི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ནང་ནས་འབྲེལ་ཆགས་དོན་ཚན་ཟུར་བཏོན་ཞུས་པ་ཁག་ཡིན་པ་དང་ཟབ་སྦྱོང་སློབ་ཁྲིད་གནང་མཁན་ནི་ཁྲིམས་ཞིབ་པ་ཆུ་སྟེང་ངག་དབང་ཐུབ་བསྟན་མཆོག་དང་། ཁྲིམས་ཞིབ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག ཁྲིམས་ཞིབ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག ཁྲིམས་ཞིབ་ཆེ་བ་ཟུར་པ་གྲེས་ནང་རྣམ་རྒྱལ་ཚེ་རིང་མཆོག་བཅས་ཡིན་པ་དང་ད་རེས་ཀྱི་ཟབ་སྦྱོང་ལ་ས་གནས་ཁྲིམས་ཞིབ་པས་གཙོས་ཁྲིམས་དྲུང་། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ། ལས་དྲུང་བཅས་ཁྱོན་མི་གྲངས་ ༢༧ མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།