༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༤ ཉིན་རྒྱབ་འདི་ག་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གིས་སྲི་ཞུ་བ་ཁག་གཅིག་ལ་དཔལ་འབྱོར་འདུ་འགོད་དང་འབྲེལ་གཏུགས་བྱ་ཚུལ་ཐོག་ཉིན་བཞིའི་རིང་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པའི་ཉིན་མཐའ་མར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་དོན། ད་རེས་གཞུང་གི་སྲི་ཞུ་བ་ཚོར་གཞུང་འབྲེལ་ཐོག་དཔལ་འབྱོར་འདུ་འགོད་ཀྱི་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་ཧ་ལམ་ཐོག་མ་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོོར་བ་ནས་ད་བར་མི་ལོ་ ༥༠ ཕྱིན་ཡོད། དཔལ་འབྱོར་འདུ་འགོད་ཀྱི་ཁྱད་ལས་པ་དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་སུ་གཅིག་ཀྱང་མེད། འོན་ཀྱང་དཔལ་འབྱོར་རོགས་རམ་གནང་མཁན་གྱི་དང་བླངས་ཚོགས་པ་དེ་འདྲ་མང་པོ་ཡོད། དམིགས་བསལ་གྱི་ (Acharya Kirpalani) དམ་པ་མཆོག་གིིས་བཙུགས་པའི་དབུས་ངལ་སེལ་ཚོགས་པ་ (Central Relief Committee) དེ་བརྒྱུད་ནས་ང་ཚོའི་འཆར་གཞི་དེ་དག་སྒྲུབ་ཐུབ་པར་དཔལ་འབྱོར་གྱི་རོགས་རམ་ཐོབ་ཡོད་པ་མ་ཟད། ཕྱིས་སུ་ཚོགས་པ་དེའི་དབུ་ཁྲིད་ (JayPrakash Narayan) དམ་པ་དང་ལྷག་པར་དུ་གཙོ་བོ་རྒྱ་གར་གཞུང་གི་དཔལ་འབྱོར་རོགས་རམ་འོག་ང་ཚོར་དཔལ་འབྱོར་འདུ་འགོད་ཐོག་རོགས་རམ་ཤུགས་ཆེ་ཐོབ་ཡོད། འོན་ཀྱང་སྐབས་དེར་ང་ཚོར་དཔལ་འབྱོར་རོགས་དངུལ་གང་བྱུང་བ་དེ་དག་བེད་སྤྱོད་ཇི་འདྲ་ཞིག་གཏོང་དགོས་པའི་དམིགས་བསལ་ཁྱད་ལས་པ་དེ་འདྲ་མེད་པར་བརྟེན་དངུལ་དེ་དག་འཆར་གཞི་ལྡན་པ་དང་ཚགས་ཚུད་ལམ་ནས་བེད་སྤྱོད་བྱ་རྒྱུར་དཀའ་ངལ་འཕྲད་ཡོད། འོན་ཀྱང་རྒྱལ་སྤྱི་དང་རྒྱ་གར་གཞུང་ནས་དཔལ་འབྱོར་རོགས་རམ་ཞུ་མཁན་གྱི་ཚོགས་པ་མང་པོ་ཡོད་པའི་ནང་ནས་ང་ཚོ་བོད་པ་ཚོས་དཔལ་འབྱོར་རོགས་རམ་གང་ཐོབ་པ་དེ་དག་ལྐོག་ཟ་རུལ་སུུངས་དེ་འདྲ་མེད་པ་དང་རོགས་དངུལ་གང་ཐོབ་པ་དེ་དག་ཆུད་ཟོས་སུ་གཏོང་གི་མེད་པའི་སྙན་སྒྲགས་ཡོད། ངོས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་ཐོག་ཐེངས་གཅིག་རང་ལས་མཉམ་ཞུགས་བྱེད་མྱོང་མེད། དེ་ནི་ཕྱི་ལོ་ ༡༩༩༣། ༡༩༩༤ ལོར་ངོས་རང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡིན་སྐབས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་རྒྱུའི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་དེ་ཕྱིའི་ཚོགས་པ་ནས་མིན་པར་བོད་མི་རང་གི་སར་ནས་འདུ་དགོས་པའི་ཐག་གཅོད་བྱུང་བ་བཞིན་ང་ཚོས་བོད་མིའི་གནས་སྡོད་གཞིས་ཆགས་ཁག་ནས་དཔལ་འབྱོར་འདུ་འགོད་བྱས་ཡོད།
སྐབས་དེར་ང་ཚོར་བོད་མི་ཚོ་ནས་བྱུང་བའི་དཔལ་འབྱོར་རོགས་དངུལ་དེ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་དང་པོ་ཚོགས་རྒྱུར་མཐུན་འགྱུར་ཞུ་ཐུབ་ཡོད་པ་མ་ཟད་། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་འདི་ལོ་ཨི་ཊ་ལིའི་ནང་དུ་ཚོགས་རྒྱུར་མཐུན་འགྱུར་ཞུ་ཐུབ་ཡོད། ངོས་རང་ཐོག་མར་གཞུང་གི་འཛིན་སྐྱོང་ནང་ལས་ཀ་བྱེད་སྐབས་དགོས་མཁོ་མེད་པའི་འཆར་གཞི་མང་པོ་ཞིག་ཡོད་པ་མཐོང་བྱུང་། འཆར་གཞི་དེ་དག་དགོས་མཁོ་ལ་གཞི་མ་བཅོལ་བར་དཔལ་འབྱོར་གྱི་རོགས་དངུལ་ཐོབ་ཀྱི་ཡོད་པའི་རྒྱུ་མཚན་དུ་བྱས་ནས་འཆར་གཞི་བཏིང་བཞག་པ་དེ་འདྲ་རེད་འདུག ང་ཚོ་བོད་པའི་དཔལ་འབྱོར་གྱི་རོགས་རམ་གང་ཐོབ་པ་དེ་དག་ཚད་ལྡན་བེད་སྤྱོད་གཏོང་གི་ཡོད་པའི་སྙན་གྲགས་ཡོད་པར་བརྟེན་བོད་པའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་བྱེད་འདོད་ཡོད་མཁན་ཚོགས་པ་མང་པོ་ཡོད། དམིགས་བསལ་སྐབས་ཤིག་ལ་ཡུ་རོབ་གྲོས་ཚོགས་ཀྱིས་བོད་པའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་ཤུགས་ཆེ་ཞིག་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་པར་བརྟེན་ང་ཚོས་དགོས་མཁོ་ལ་གཞི་མ་བཅོལ་བར་རོགས་དངུལ་དེ་དག་བེད་སྤྱོད་གཏོང་རྒྱུའི་ཆེད་འཆར་གཞི་མང་པོ་ཞིག་བཏིང་ཡོད། དེ་དུས་ངོས་ཀྱི་དཔལ་འབྱོར་རོགས་རམ་དེ་དག་ཚད་ལྡན་ཐོག་བེད་སྤྱོད་ཇི་འདྲ་གཏོང་དགོས་མིན་ཐད་སྲི་ཞུ་བ་ཚོར་ཟབ་སྦྱོང་ཞིག་སྤྲོད་དགོས་པ་དེ་གལ་ཆེ་ཞིག་ཡིན་པ་གསལ་པོ་མཐོང་བྱུང་། སྤྱིར་བཏང་ང་ཚོས་འདོད་པ་ལ་གཞི་མ་བཞག་པར་དགོས་མཁོ་ལ་གཞི་བཅོལ་བའི་ཐོག་འཆར་གཞི་བཏིང་ནས་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་དེ་ནང་ཆོས་དང་མེས་པོ་དམ་པ་གྷན་ལྷིའི་ལྟ་གྲུབ་དང་མཐུན་པ་ཞིག་རེད། དེ་འདྲ་མིན་པར་འདོད་རྔམ་ལ་གཞི་བཅོལ་ནས་དཔལ་འབྱོར་རོགས་དངུལ་དེ་དག་བག་མེད་དུ་བེད་སྤྱོད་བྱེད་རྒྱུ་དེ་དེང་རབས་ཀྱི་ལམ་སྲོལ་ཞིག་རེད།
དུས་རབས་ ༢༡ འདིའི་ནང་དངུལ་མང་པོ་ཡོད། སྐབས་རེ་དངུལ་དེ་དག་དགོས་མཁོ་མེད་ཀྱང་བག་མེད་ཐོག་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་འཆར་གཞི་ཇི་འདྲ་ཞིག་བཏིང་བ་ཡིན་ནའང་ཆ་རྐྱེན་བཞི་གཏན་འབེབ་བྱས་པའི་ཐོག་དེ་དག་ལག་བསྟར་ཡོང་རྒྱུར་དཔལ་འབྱོར་འདུ་འགོད་བྱེད་བཞིན་ཡོད། ཆ་རྐྱེན་བཞི་པོ་དེ་དག་ནི།
༡༽འཚེ་བ་མེད་པ་ལ་གཞི་བཅོལ་བ།
༢༽ཁོར་ཡུག་ལ་གནོད་སྐྱོན་མེད་པ།
༣༽རྒྱུན་བསྲིང་ཐུབ་པ།
༤༽མི་མང་ཉམ་ཐག་ཚོར་རོགས་དངུལ་དེ་དག་ཐོབ་ཐུབ་པ། དྲང་ཚུགས་དེ་སྲིད་བྱུས་མཆོག་ཏུ་འགྱུར་བ་རེད། ཅེས་ཟེར་སྲོལ་ཡོད་པ་བཞིན་ང་ཚོས་དགོས་མཁོ་ལ་གཞི་བཞག་པ་ལས་འདོད་པ་ལ་གཞི་བཞག་ནས་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་མེད།
ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་འཆར་གཞི་ལག་བསྟར་ཡོང་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིའི་སྐབས་ངེས་པར་དུ་སེམས་ལ་འཇོག་དགོས་པའི་གནད་དོན་ཁག་གཅིག་ཡོད་པ་རྣམས་ནི།
༡༽དཔལ་འབྱོར་འདུ་འགོད་སྐབས་དཔལ་འབྱོར་རོགས་སྐྱོར་གནང་བ་དེ་དག་དངོས་གནས་དགོས་མཁོ་ཡོད་མེད་རྟོག་ཞིབ་བྱེད་དགོས་པ།
༢༽དཔལ་འབྱོར་རོགས་རམ་འབྱུང་ཁུངས་དེ་ཡང་དག་པ་ཞིག་ཡིན་དགོས་པ།
༣༽དཔལ་འབྱོར་རོགས་རམ་གནང་མཁན་གྱི་སྐུ་སློང་དང་དམིགས་ཡུལ་རྣམ་པར་དག་པ་ཞིག་ཡིན་མིན་རྟོག་ཞིབ་བྱེད་དགོས་པ་དེ་དག་དཔལ་འབྱོར་འདུ་འགོད་བྱ་རྒྱུའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་རེད། ད་རེས་ཟབ་སྦྱོང་སྤྲོད་མཁན་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །