༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག ༡༠༢ སྐྱབས་རྗེ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་ཁྲི་འདོན་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་དེ་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་གནང་ཡོད། དེ་ཡང་སྔ་དྲོའི་ཆུ་ཚོད་ ༦ །༡༥ ཐོག་རིན་པོ་ཆེ་མཆོག་ལ་མཁན་པོ་བླ་སྤྲུལ་དང་ཆོས་རིག་བཀའ་བློན་སོགས་གནད་ཡོད་མི་སྣ་རྣམས་ནས་སྤོ་སྣེ་དང་དུང་རྒྱ་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་དགའ་ལྡན་བླ་སྤྱིའི་ཚོགས་ཁང་གི་བཞུགས་ཁྲིར་འཁོད་མཚམས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དེ་རྗེས་གདན་ས་ཁག་གི་བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་དེ་བཞིན་ཁམས་ཚན་ཁག་གི་འཐུས་མི་སོགས་ནས་ཀྱང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སྐུ་མགྲོན་དང་འདུས་དམངས་ཡོངས་ལ་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་དང་འབྲས་བསིལ་ཕུལ། དེ་ནས་དགའ་ལྡན་ཁྲི་པའི་བླ་བྲང་ནས་འདུས་དམངས་ཡོངས་ལ་མང་ཇ་བཞེས་ཏོག་དང་སྐུ་འགྱེད་ཕུལ་གྲུབ་མཚམས་རིན་པོ་མཆོག་བླ་སྤྱིའི་ཡང་ཐོག་གཟིམ་ཆུང་ཉི་འོད་ནང་གདན་འདྲེན་ཞུས་ཏེ་དགའ་ལྡན་ཁྲི་པའི་བླ་བྲང་གི་ཕྱག་མཛོད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ལྷན་སྐུ་མགྲོན་རྣམས་ལ་གསོལ་ཇ་དང་འབྲས་བསིལ་ཕུལ་ཡོད་པ་བཅས་མཛད་སྒོ་དངོས་གཞི་གྲུབ་ཡོད། ད་རེས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་བོད་གཞུང་ཆོས་རིག་བཀའ་བློན་མཆོག ལ་དྭགས་ཀྱི་བླ་མ་སྟོབས་ལྡན་རིན་པོ་ཆེ་མཆོག ཧི་མ་ལ་ཡའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་སྐུ་ཞབས་ཆོས་འཕེལ་བཟོད་པ་མཆོག དེ་བཞིན་ཆོས་བརྒྱུད་རིས་མེད་ཁག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད་པ་རེད། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་གདན་ས་གསུམ་གྱི་བླ་སྤྲུལ་དང་མཁན་པོ་བཅས་ནས་རིན་པོ་ཆེ་མཆོག་ལ་སྤོ་སྣེ་སོགས་ཀྱིས་སྔོན་བསུས་ཏེ་དགའ་ལྡན་རྣམ་པར་རྒྱལ་པའི་བླ་སྤྱི་ནས་འབྲས་སྤུངས་བློ་གསལ་གླིང་གི་བློ་དཀྱིལ་ཁམས་ཚན་དུ་དེ་གའི་དགེ་འདུན་འདུས་དམངས་ཡོངས་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་བཞུགས་ཁྲིར་འཁོད་མཚམས་རྟེན་འབྲེལ་མཛད་སྒོའི་ཐོག་སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་མ་ཟད། གནས་བརྟན་ཕྱག་མཆོད་ཀྱི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་སྐབས་འབྲས་སྤུངས་བློ་གསལ་གླིང་གི་བློ་བཟང་ཆོས་ལྡན་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་ཡོད། ད་རེས་ཀྱི་མཛད་སྒོར་ཆོས་རིག་བཀའ་བློན་མཆོག་གིས་གཙོས་དགོན་སྡེ་ཁག་གི་བླ་སྤྲུལ་རྣམ་པ། མཁན་པོ་རྣམ་པ། ཁམས་ཚན་ཁག་གི་འཐུས་མི་རྣམ་པ། གཞན་ཡང་ལ་དྭགས་ནས་ཕེབས་པའི་རིན་པོ་ཆེའི་སྐུ་འཁོར་རྣམ་པ། ཕྱོགས་མཚུངས་ལ་དྭགས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་ཀྱང་ཕེབས་བཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།