༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༧ ཉིན་ཌན་མག་གི་རྒྱལ་ས་ཀོ་པན་ཧེ་གན་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ་དང་། བོད་ཀྱི་བུ་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གཙོས་འབྲེལ་ཡོད་གཞུང་འབྲེལ་མིན་པའི་ཁོར་ཡུག་ཚན་པ་ཁག་གཅིག་གིས་བོད་རིགས་དང་རྒྱ་རིགས་དབར་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་ཞིག་ (Klimaforum) ཚོགས་ཁང་དུ་ཚུགས་ཡོད་པ་དེར་ཐེ་ཝན། སུ་ཝི་ཌན། ཌན་མག་བཅས་ནས་རྒྱ་རིགས་བརྒྱད་ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་མ་ཟད། དབྱིན་ལན་སྐུ་ཚབ་དོན་གཅོད་སྐུ་ངོ་ཐུབ་བསྟན་བསམ་གྲུབ་ལགས་དང་། དེ་བཞིན་ཌན་མག་ནས་བོད་རིགས་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད། སྐབས་དེར་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་གལ་ཆེ་ཡིན་སྐོར་གྱི་གཏམ་བཤད་གནང་བ་དང་ཆབས་ཅིག་བོད་མིའི་སྐུ་ཚབ་རྣམས་ཚོགས་ཆེན་དེར་བཅར་དགོས་པའི་རྒྱུ་མཚན་དང་། བོད་ནང་གི་ཁོར་ཡུག་གནས་སྟངས་སྤྱི་དང་ལྷག་པར་བོད་ཀྱི་འབྲོག་པ་རྣམས་གནས་སྤོས་ཀྱི་ལམ་སྲོལ་དང་འབྲེལ་བའི་གནད་དོན་ཐོག་ངོ་སྤྲོད་གནང་སྐབས། ཚོགས་བཅར་བ་རྒྱ་རིགས་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་བརྟེན་ནས་བོད་ཀྱི་འབྲོག་པ་དང་ཁོར་ཡུག་ཐོག་དཀའ་ངལ་དེ་ལྟར་འཕྲད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་བརྗོད་ཡོད། རྒྱ་རིགས་རྣམས་ནས་དེ་སྔོན་བོད་ཀྱི་ཁོར་ཡུག་སྐོར་ཤེས་རྟོགས་མེད་ཀྱང་དེ་རིང་འདིར་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་དགའ་བོ་བྱུང་སྐོར་བརྗོད་པ་མཟད། ཌན་མག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ནས་བོད་རྒྱ་དབར་འབྲེལ་མཐུད་ཚོགས་ཆུང་ཞིག་གསར་འཛུགས་དགོས་སྐོར་དགོངས་འཆར་བཏོན་པར་རྒྱ་རིགས་དང་བོད་རིགས་གཉིས་ཀས་མོས་མཐུན་གྱིས་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།